《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

2020ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་2522.5དང་ཁྲི་2531.1སོ་སོར་ཟིན་ཡོད།

འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཀྲེང་།

ཟླ་1ཚེས་13ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2020ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་2522.5དང་ཁྲི་2531.1སོ་སོར་ཟིན་ནས་དུས་མཚུངས་ལས་2.0%དང་1.9%སོ་སོར་ཆག་པ་དང་། ཆག་ཚད་ན་ནིང་ལས་བརྒྱ་ཆའི་གྲངས་5.5དང་6.3སོ་སོར་ཉུང་དུ་སོང་ནས་ལོའི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་12བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། “དེ་ལས་རང་རྒྱལ་གྱི་རླངས་འཁོར་ཐོན་ལས་ཀྱི་སླར་གསོའི་ནུས་པ་ཤུགས་ཆེན་དང་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེན་པོ་ཡོད་པ་མཚོན་གྱི་ཡོད”ཅེས་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་འགན་འཁུར་བས་བརྗོད།

—— ལོའི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཆ་སྙོམས་རླངས་འཁོར་ཁྲི་2500ལས་བརྒལ་བ་དེ་ལས་རླངས་འཁོར་ཁྲོམ་ར་སླར་གསོའི་སྔོན་དཔག་ལས་བརྒལ་བ་དང་། རྒྱལ་དམངས་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་བྱུང་བ་དང་བསྟུན་ནས་འཛད་སྤྱོད་ཀྱི་དགོས་མཁོ་མགྱོགས་མྱུར་སླར་གསོ་བྱུང་བ་མཚོན་ཐུབ།

འདི་ལོ་ཐོན་སྐྱེད་གཉེར་སྐྱོང་བྱེད་གྲབས་ཡོད་པའི་ཀོང་ཀྲོའུ་རླངས་འཁོར་ཧྥུང་ཐན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བརྒྱུད་རིམ་ཨང་བཞི་པའི་འཁོར་ཁང་ནང་སྒྲིག་ཆས་བསྒར་བ་དང་སྙོམ་སྒྲིག་ཚོད་ལྟའི་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད། “ཀོང་ཀྲོའུ་རླངས་འཁོར་ཧྥུང་ཐན་ཚད་ཡོད་ཀུང་སིའི་བཟོ་གྲྭ་ཆེན་པོ་གསུམ་གྱི་འཆར་འགོད་ཐོན་ནུས་རླངས་འཁོར་ཁྲི་60ཡིན་པ་དང་། 2020ལོའི་ཟླ་4པ་ནས་བཟུང་ཐེག་ཚད་ལས་བརྒལ་བའི་ཐོན་སྐྱེད་རྣམ་པ་ཐོན་ནས་ལོ་ཧྲིལ་པོར་རླངས་འཁོར་ཁྲི་76.5ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་12%འཕར་བ་དང་ཐོན་ནུས་བེད་སྤྱོད་བྱེད་ཚད་127.5%ཟིན་ཡོད། ཐོན་སྐྱེད་བརྒྱུད་རིམ་བཞི་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཐོན་ནུས་མི་འདང་བའི་གནད་དོན་ཞི་ལྷོད་དུ་འགྲོ་རྒྱུ་རེད”ཅེས་ཀོང་ཀྲོའུ་རླངས་འཁོར་ཧྥུང་ཐན་གྱི་འགན་འཁུར་མི་སྣས་བརྗོད།

བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2020ལོའི་ཟླ་4ནས་བཟུང་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཟླ་9བསྟུད་མར་འཕར་བ་དང་ཕྱིར་ཚོང་འཕར་ཚད་ཀྱང་ཟླ་7བསྟུད་མར་10%ཡན་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་ཚོང་སྤྱོད་རླངས་འཁོར་གྱི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཀྱིས་ཟླ་9བསྟུད་མར་ཟླ་བ་དེ་རང་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དེ་2020ལོའི་ཟླ་7པ་བཟུང་འཕར་བ་དང་ཟླ་12པར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་དེ་བས་བཏོད་ནས་ལོ་ཧྲིལ་པོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་རླངས་འཁོར་ཁྲི་136.6དང་ཁྲི་136.7སོ་སོར་ཟིན་ཏེ་དུས་མཚུངས་ལས་7.5%དང་10.9%སོ་སོར་འཕར་ཡོད། “2020ལོར་ཀྲུང་གོའི་རླངས་འཁོར་ཁྲོམ་ར་འདི་ཉིད་གོ་ལ་ཧྲིལ་པོའི་རླངས་འཁོར་ཁྲོམ་རའི་བཀྲག་མདངས་འཚེར་ས་ཉུང་ཤས་སུ་གྱུར་ནས་ལོའི་ཕྱིར་ཚོང་བྱེད་ཚད་དེ་འཛམ་གླིང་རླངས་འཁོར་གྱི་སྤྱིའི་ཕྱིར་ཚོང་གྲངས་འབོར་གྱི་33%བར་འཕར་ཡོད”ཅེས་འགན་འཁུར་བས་བརྗོད།

“དཔལ་འབྱོར་སླར་གསོ་བརྟན་པོ་བྱུང་བ་དང་བསྟུན་ནས་འཛད་སྤྱོད་ཀྱི་དགོས་མཁོ་ད་དུང་འཕར་རྒྱུ་རེད། སྔོན་དཔག་བྱས་ན་2021ལོར་རླངས་འཁོར་ཕྱིར་ཚོང་ཐད་རླངས་འཁོར་ཁྲི་2600ལས་བརྒལ་རེ་ཡོད་པ་དང་དུས་མཚུངས་ལས་4%འཕར་རྒྱུ་ཡིན་པ་རེད”ཅེས་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་འགན་འཁུར་བས་བརྗོད།

ལོའི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་རླངས་འཁོར་ཁྲི་2500ལས་བརྒལ་བ་དེ་སྲིད་གཞུང་སྡེ་ཚན་གྱིས་བཏོན་པའི“ཁུག་དམར”སྲིད་ཇུས་དང་དེ་བཞིན་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་ལས་བྱུང་བ་ཞིག་རེད།

སྲིད་གཞུང་སྡེ་ཚན་གྱིས་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་ལས་ཁྲོམ་རའི་དགོས་མཁོ་ནུས་ལྡན་ངང་ཤུགས་ཆེར་སོང་ཡོད། འགྲུལ་སྐྱེལ་རླངས་འཁོར་ཆུང་ངུའི་དམིགས་ཚད་མང་དུ་གཏོང་བ་དང་། རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁ་གསབ་དང་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་སྣུར་སྲིང་བྱེད་པ་སོགས་དང་ད་དུང་རྣམ་པ་སྣ་ཚོགས་ཀྱི་བྲིན་སྐུལ་བྱེད་སྒོ་ལས་རྒྱུན་སྤྱོད་རླངས་འཁོར་ཁྲོམ་ར་སླར་གསོ་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད།

རྨང་གཞིའི་འཛུགས་སྐྲུན་གྱི་མ་འཇོག་ལ་ཡར་སྐུལ་བྱས་པའི་ཐོག་རྒྱལ་ཁབ་ཀྱི་དུས་མཚམས་གསུམ་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་འབུད་ཚད་ཚད་གཞི་མེད་པ་བཟོས་པའི་དགོས་མཁོའི་ཁེ་སྤོགས་ལས་ཚོང་སྤྱོད་རླངས་འཁོར་གྱི་ངར་ཤུགས་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་མ་ཐེབས་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) 2020ལོར་རང་རྒྱལ་གྱི་ཚོང་སྤྱོད་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་523.1དང་ཁྲི་513.3སོ་སོར་ཟིན་ནས་དུས་མཚུངས་ལས་20.0%དང་18.7%སོ་སོར་འཕར་ཡོད།

—— ལོའི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཆ་སྙོམས་རླངས་འཁོར་ཁྲི་2500ལས་བརྒལ་བ་དེ་ཁེ་ལས་ཀྱིས་གློག་སྒུལ་ཅན་དང་། རིག་ནུས་ཅན། དྲ་སྦྲེལ་ཅན་བཅས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་བྱུང་བ་ཞིག་རེད།

“ནུས་རྒྱུ་གསར་པའི་རླངས་འཁོར་དེ་གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་དང་འཛད་སྤྱོད་ཕྱོགས་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་གཙོ་བོར་གྱུར་པ་དང་དུས་མཚུངས། རིག་ནུས་ཅན་དེ་ཡང་རླངས་འཁོར་གསར་སྒྱུར་དང་མང་དུ་འགྲོ་བའི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད”ན་ནིང་ཧྲང་ཧའེ་རླངས་འཁོར་ཀུང་སིས་སྤུས་རྟགས་ཆེན་པོ་གསུམ་གྱི་རླངས་འཁོར་རིགས་17གྱི་འཁོར་ཐོག་མཉམ་འབྲེལ་མ་ལག་ལ་དྲ་ཐོག་ནས་རིམ་སྤོར་བྱས་པ་དང་། སླད་ཕྱིན་ལོ་གཅིག་གི་ནང་གསར་བརྗེས་ཐེངས་མང་རྒྱུན་འཁྱོངས་བྱ་རྒྱུ་རེད”ཅེས་ཧྲང་ཧའེ་རླངས་འཁོར་ཀུང་སི་རླངས་འཁོར་རིག་ནུས་དྲ་སྦྲེལ་ལས་སྟེགས་ཀྱི་ལག་བསྟར་འགན་འཁུར་མི་སྣས་བརྗོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2020ལོར་རང་རྒྱལ་གྱིས་རིག་ནུས་དྲ་སྦྲེལ་མ་ལག་བསྒར་བའི་རླངས་འཁོར་གསར་པའི་བསྡུར་ཚད་48.8%ཟིན་པ་དེ་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་3.8ཀྱིས་མཐོ་བ་ཡོད་པ་རེད། དེ་དང་དུས་མཚུངས་རྒྱལ་ནང་དུ་རང་འགུལ་འཁོར་གཏོང་གི་ནུས་པ་ལྡན་པའི་རྒྱུན་སྤྱོད་རླངས་འཁོར་གསར་པ་བྲིན་ཚོང་བྱེད་ཚད་ཁྲི་260ཟིན་པ་དེས་དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་རྒྱུན་སྤྱོད་རླངས་འཁོར་གསར་པའི་བྲིན་ཚོང་བྱེད་ཚད་ཀྱི་15%ཙམ་ཟིན་ཡོད། (པ་ཕན་དང་བདེ་དབང་གིས་སྒྱུར་ཞུས་བྱས)