《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

2020ལོར་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ སྤྱིར་ན་བརྟན་པོར་རྒྱུན་འཁྱོངས་ཐུབ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀེ་མོང་ཁྲའོ།

“2020ལོར་ཕྱི་དངུལ་ཅུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་པས་ཕྱི་དངུལ་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ལ། རྒྱལ་སྤྱིའི་གཏོང་ཡོང་སྤྱིར་ན་དོ་སྙོམས་ཡོང་བ་རྒྱུན་འཁྱོངས་ཐུབ་ཡོད”ཅེས་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིང་གིས་ཚེས་22ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་པ་རེད།

དངུལ་ཁང་གི་ཕྱི་དངུལ་བསྡོམས་རྩིས་དང་ཕྱིར་ཚོང་གི་དྲང་ཁྱད་ཐོན་ནས་ས་ཁོངས་སྒྲོལ་བའི་མ་དངུལ་ཕྱོགས་གཉིས་སུ་འཕར་ཆག་བྱུང་བ།

དངུལ་ཁང་གི་ཕྱི་དངུལ་བསྡོམས་རྩིས་དང་ཕྱིར་ཚོང་ཐད། 2020ལོར་ཨ་སྒོར་གྱི་རིན་གོང་ལྟར་བརྩིས་ན་དངུལ་ཁང་གི་ཕྱི་དངུལ་བསྡོམས་རྩིས་ཨ་སྒོར་དུང་ཕྱུར་20493དང་ཕྱི་དངུལ་ཕྱིར་ཚོང་ཨ་སྒོར་དུང་ཕྱུར་18905ཟིན་ཏེ། ཕྱི་དངུལ་བསྡོམས་རྩིས་དང་ཕྱིར་ཚོང་གི་དྲང་ཁྱད་ཀྱི་ཧེ་བག་ཨ་སྒོར་དུང་ཕྱུར་1587ཟིན་ཡོད་པ་རེད། དངུལ་ཁང་གིས་ཚོང་ཤག་གི་ཚབ་ཏུ་ཕྱི་ཕྱོགས་དང་འབྲེལ་བའི་དངུལ་གཏོང་ལེན་ཐད་ཨ་སྒོར་དུང་ཕྱུར་44124བླངས་པ་དང་། ཕྱི་ཕྱོགས་ལ་ཚད་ཨ་སྒོར་དུང་ཕྱུར་42955སྤྲད་པར་ཕྱི་ཕྱོགས་དང་འབྲེལ་བའི་དངུལ་གཏོང་ལེན་གྱི་དྲང་ཁྱད་ཨ་སྒོར་དུང་ཕྱུར་1169ཟིན་པ་རེད།

“2020ལོར་རང་རྒྱལ་གྱི་ས་ཁོངས་སྒྲོལ་བའི་མ་དངུལ་འཁོར་རྒྱུག་དང་ཕྱི་དངུལ་ཁྲོམ་རའི་གཉེར་སྐྱོང་ཐད་ཉམས་སད་ཆེན་པོ་ཐེག་ཐུབ་ནས‘སྙུགས་ཤེད་ཆེ་རུ་དང་སྔར་བས་འཐུས་སྒོ་ཚང་དུ་སོང་བའི’སྤྱིའི་ཁྱད་ཆོས་མངོན་ཡོད”ཅེས་ཝང་ཁྲུན་དབྱིང་གིས་བརྗོད་པ་དང་། ཁོང་གིས་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་འཐུས་སྒོ་ཚང་དུ་འགྲོ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཁྲོམ་རར་སྔོན་དཔག་བྱ་རྒྱུ་སྔར་བས་བག་ཡོད་དུ་གྱུར་པ་མ་ཟད། ཕྱི་དངུལ་ཉོ་ཚོང་ཐད་ཕྱོགས་རྐྱང་པ་ནས་ཉོ་མཁན་མེད་ལ། ཕྱོགས་རྐྱང་པ་ནས་འཚོང་མཁན་ཡང་མེད་པས། དངུལ་ཁང་དང་ཁེ་ལས་སོགས་ཁྲོམ་རའི་བྱེད་པོས་ཕྱི་དངུལ་ཉོ་ཚོང་བྱེད་པ་གཙོ་བོ་དོན་དངོས་ཀྱི་དགོས་མཁོར་གཞིགས་པ་དང་ཕྱི་དངུལ་ཁྲོམ་རས་ཀྱང་ཁྲོམ་རའི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད།

མིག་སྔའི་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་ངང་གནས་པ།

གྲངས་གཞི་ལས་མངོན་པར། 2020ལོ་ཧྲིལ་པོར་ཕྱོགས་བསྡུས་ངང་བལྟས་ཚེ་མི་དམངས་ཤོག་སྒོར་དང་ཨ་སྒོར་བརྗེ་བའི་འཛའ་ཐང་བར་གྱི་རིན་གོང་གི་ཆ་སྙོམས་རིན་ཐང་6.8974ཟིན་པ་དེ་2019ལོའི་ཆ་སྙོམས་རིན་ཐང(6.8985)དང་སྤྱིར་ན་མཉམ་ཡོད། དངུལ་བརྗེས་འཛའ་ཐང་གི་འཕར་ཆག་ནས་བལྟས་ཚེ་2020ལོར་མི་དམངས་ཤོག་སྒོར་དང་ཨ་སྒོར་བརྗེ་བའི་དུས་ཡུན་ལོ་གཅིག་གི་ལོ་རྒྱུས་ཀྱི་འཕར་ཆག་གི་ཚད་གཞི་4.2%ཟིན་པ་དེ་དུས་མཚུངས་ཀྱི་ཡོ་རོབ་སྒོར་མོ་དང་རི་པིན་སྒོར་མོའི་ལོ་རྒྱུས་ཀྱི་འཕར་ཆག་གི་ཚད་གཞི་8%དང་། དབྱིན་ཇིའི་སྒོར་མོའི་11% དངུལ་ལོར་གཙོ་བོ་གཞན་དག་དང་བསྡུར་ཚེ་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་སྤྱིར་ན་བརྟན་པོར་རྒྱུན་འཁྱོངས་ཐུབ་ཡོད།

“མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གི་ཕྱོགས་གཉིས་ཀྱི་འཕར་ཆག་གནས་ཚུལ་ལ་བལྟས་པའམ་ཡང་ན་རྒྱལ་སྤྱིའི་གཏོང་ཡོང་སྤྱིར་ན་དོ་སྙོམས་ཀྱི་རྣམ་པར་བལྟས་པ་གང་ཡིན་རུང་ང་ཚོས་དོན་དངོས་ཤིག་མཐོང་ཐུབ་པ་ནི། མིག་སྔའི་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་སྙོམས་ངང་གནས་པར་བརྟེན་འཕར་བ་ཁོ་ན་ལས་མི་ཆག་པ་དང་ཆག་པ་ཁོ་ན་ལས་མི་འཕར་བ་ཡོང་མི་སྲིད། དེ་ཡང་དངུལ་ལོར་གཙོ་བོའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན”ཞེས་ཝང་ཁྲུན་དབྱིང་གིས་བརྗོད།

ན་ནིང་གི་ལོ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་བྱེད་ཁྱོན་ཨ་སྒོར་དུང་ཕྱུར་32165ཟིན་པ།

གྲངས་གཞི་ལས་མངོན་པར། 2020ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་བྱེད་ཁྱོན་ཨ་སྒོར་དུང་ཕྱུར་32165ཟིན་པ་དེ་2019ལོའི་ལོ་མཇུག་ལས་ཨ་སྒོར་དུང་ཕྱུར་1086འཕར་ཡོད།

“རང་རྒྱལ་གྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྐྲུན་བཞིན་ཡོད་པས་ནང་ཁུལ་གྱི་དགོས་མཁོ་དང་ཕྱི་རོལ་གྱི་དགོས་མཁོ། ནང་འདྲེན་དང་ཕྱིར་གཏོང་། ཕྱི་ཕྱོགས་ལ་མ་དངུལ་འཇོག་པ་དང་ཕྱི་རྒྱལ་གྱི་མ་དངུལ་འགུགས་པ་བཅས་དབར་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་པ་དེས་རྒྱལ་སྤྱིའི་གཏོང་ཡོང་སྤྱིར་ན་དོ་སྙོམས་རྒྱུན་འཁྱོངས་ཡོང་བར་ཕན་པ་ཡོད། དངུལ་རྩའི་ཁྲོམ་རའི་ཆུ་ཚད་མཐོ་བའི་གཉིས་མོས་ཀྱི་སྒོ་མོ་འབྱེད་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་ས་ཁོངས་སྒྲོལ་བའི་ཚོང་དོན་མ་འཇོག་རང་མོས་ཅན་དང་། སྟབས་བདེ་ཡོང་བའི་ཆུ་ཚད་མཐོ་རུ་བཏང་སྟེ་ས་ཁོངས་སྒྲོལ་བའི་མ་དངུལ་གཉིས་མོས་དང་། རང་མོས། དོ་སྙོམས་བཅས་ཀྱི་འཁོར་རྒྱུག་ཡོང་བར་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད”ཅེས་ཝང་ཁྲུན་དབྱིང་གིས་བརྗོད་པ་དང་། ཁོང་གིས། སྤྱི་ཡོངས་ནས་བལྟས་ཚེ་སྙུགས་ཤེད་ཆེ་ཞིང་སྔར་བས་འཐུས་སྒོ་ཚང་བའི་ཕྱི་དངུལ་གྱི་ཁྲོམ་ར་ཞིག་རིམ་པས་ཆགས་བཞིན་ཡོད་པ་དང་། འབྱུང་འགྱུར་ཕྱི་དངུལ་ཁྲོམ་རས་སྤྱི་ཡོངས་ནས་དོ་མཉམ་དང་ཕྱོགས་གཉིས་འཕར་ཆག་གི་ཁྱད་ཆོས་སྔར་བས་སྲ་བརྟན་ཡོང་བ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

(པ་ཚེ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)