《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

བོད་ཀྱིས་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་བཏང་ནས་རིག་གནས་ བསམ་བཀོད་ཐོན་ལས་འཕེལ་རྒྱས་བཏང་བ།

འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཡོན་ཆོན་གྱིས།

ལོ་གསར་པ་ཤར་བའི་སྐབས་སུ། པེ་ཅིང་གི་ཀྲུང་ཀོན་ཚུན་གྱི་ལས་གཏོད་ཁྲོམ་གཞུང་དུ་བོད་ནས་སླེབས་པའི་རིག་གནས་བསམ་བཀོད་ཁེ་ལས“ཚོགས་པས”བལ་ལ་བཏགས་པའི་བོད་ཀྱི་ས་གདན་དང་། འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་ལུམས་ཀྱི་སྨན་ཆུ། བོད་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མགུལ་རྒྱན་དང་རྣ་རྒྱན་སོགས་མང་པོ་བཤམས་པས་ཁྲོམ་ར་འཁྲུག་ཏུ་ཕྱིན་ཡོད།

“ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ཁྲོམ་ར་རིམ་བཞིན་འཕེལ་རྒྱས་སོང་ནས་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་སྟེ། དེ་གའི་ཁེ་ལས་འབྲིང་ཆུང་གིས་རིག་གནས་རྒྱུན་འཛིན་དང་། ཚོང་གཉེར་དོ་དམ། སྤུས་རྟགས་གསར་གཏོད་ཀྱི་འདུ་ཤེས་ཐད་རྒྱལ་ནང་གི་རྩེར་སོན་ཆུ་ཚད་དང་མཉམ་པ་བྱེད་བཞིན་ཡོད”ཅེས་བོད་ལྗོངས་པེ་ཅིང་ཚོང་ཚོགས་ཀྱི་ཚོགས་གཙོ་ཨའོ་དབྱང་ཤུས་ཀྱིས་བཤད།

རིག་གནས་བསམ་བཀོད་ཐོན་ལས་རིམ་བཞིན་འཁྲུག་ཏུ་སོང་བ་དེས“འཛམ་གླིང་ཡང་རྩེས”ཡུལ་སྐོར་བ་ཁྲི་སྟོང་མང་པོར་བཞག་པའི་བག་ཆགས་ཟབ་ཏུ་སོང་ཡོད་ལ། བོད་ཀྱི་ལས་རིགས་ཁག་ལའང་འཕེལ་རྒྱས་ལས་བྱུང་བའི“ཁེ་ཕན”མང་པོ་ལོངས་སུ་སྤྱད་ཡོད།

ལས་ཞུགས་ལ་སྐུལ་འདེད་བཏང་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ།

འཇུན་པ་གྲོང་ཚོའི་ཀོ་ཆས་དང་། ལྷ་སའི་སྲང་ལམ་གྱི་ཨ་ལད་པད་ཀོག པ་སྣམ་རྫོང་གི་ཞིང་པས་བཏགས་པའི་བོད་རུམ་སོགས་ལྷ་ས་གྲོང་ཁྱེར“འགྲོ་ཕན་གླིང”གི་བོད་རིགས་ལག་ཤེས་བཟོ་རྩལ་ཚོང་ཁང་དུ་བཏོན་པས། བོད་ཀྱི་ས་གནས་ཁག་ནས་ཐོན་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལྟ་བས་མི་ངོམ་པ་ཞིག་ཡོད།

“ཀུང་སི+ལག་ཤེས+བཟོ་ཁང”གི་བྱེད་སྟངས་ལ་བརྟེན་ནས“འགྲོ་ཕན་གླིང”གིས་བོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་པ་400ཙམ་སྒྲིག་འཛུགས་བྱས་ནས་ཞིང་དལ་ལམ་ཡང་ན་ཁོམ་པའི་སྐབས་སུ་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཟོ་གི་ཡོད།

ལྷ་སའི་གྲོང་ཁུལ་རྙིང་པའི་སྒོ་ར་ཞིག་གི་ནང་། ལོ་50ལ་སླེབས་པའི་ལག་ཤེས་བཟོ་པ་དཔལ་འཛོམས་ཀྱིས“སྡེ་ཁུལ་བཟོ་གྲྭར”བྲེལ་འཚུབ་ངང་སྤུན་དོག་ལ་བོད་ཀྱི“ཕ་སྤྲེལ་རྒན”གྱི་བཟོ་ལྟའི་ཁྱད་ཆོས་ཟབ་མོ་ལྡན་པའི་རྩེད་ཆས་སླ་བཞིན་ཡོད།

“‘འགྲོ་ཕན་གླིང’གིས་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་དང་སློབ་ཡོན་མི་དགོས་པར་རྩལ་ནུས་གསོ་སྦྱོང་བྱས་པས། ངའི་འཚོ་བ་ཡག་ཏུ་སོང་ལ། རང་ཉིད་ཀྱི་རིན་ཐང་ཡང་རྙེད་སོང”ཞེས་དཔལ་འཛོམས་ཀྱིས་བཤད་ཅིང་། ཁོང་གིས་ད་ཆ་ཟླ་རེར་སྒོར་3000ནས་5000བར་རག་པས། ཕྱིས་འབྱུང་ངས་རང་ནུས་ཅི་ཡོད་ཀྱིས་རང་གི་ལག་ཤེས་བུད་མེད་གཞན་ལ་བསླབས་ཏེ་བུད་མེད་སྔར་ལས་མང་བར་འབབ་འཕར་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།

ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས། 2020ལོའི་ཟླ་ལྔ་པར“འགྲོ་ཕན་གླིང”གིས་ལྷ་སར“ཨ་ཅག་སློབ་ཁང་དང་། སྡེ་ཁུལ་བཟོ་གྲྭ”ཡི་སྒོ་བྱང་བཀལ་ནས་སློབ་ཁྲིད་དང་། རྣམ་པ་འདྲ་བཟོ། བཀོལ་སྤྱོད་སྦྱོང་བརྡར་སོགས་བྱས་ནས་བུད་མེད་365ལ་ལག་རྩལ་སྣེ་རེ་བསླབས་པ་རེད།

ལས་གཏོད་ལ་སྐུལ་འདེད་བཏང་ནས་གསོན་ཤུགས་འཕེལ་བར་བྱས་པ།

ལི་ཨའོ་རན་ནི“དགུ་བཅུ་པའི་ནང་སྐྱེས”ཞིག་ཡིན་པ་དང་། སློབ་ཆེན་ཐོན་པའི་རྗེས་ལྷ་སར་ལས་གཏོད་བྱས་ནས་ལོ་བདུན་ཕྱིན་ཞིང་། 2020ལོའི“སའི་གོ་ལའི་སྣེ་གསུམ་པ་སྟེ། བོད་ཀྱི་ལག་རྟགས”ཞེས་པའི་ཡུལ་སྐོར་རིག་གནས་བསམ་བཀོད་ཚོང་ཟོག་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པར་ཁོང་གིས་ནས་ཀྱི་སོག་མའི་སོལ་བས་བཟོས་པའི་བཀྲ་ཤིས་སྒྲིག་ཆས་ལ“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད”ཚོགས་པའི་གསེར་གྱི་བྱ་དགའ་ཐོབ་པ་རེད།

“ད་རེས་ང་འགྲན་བསྡུར་ལ་ཞུགས་ཐེངས་གཉིས་པ་དེ་ཡིན”ཞེས་ལི་ཨའོ་རན་གྱིས་བཤད་པ་དང་། ཁོང་གིས་ལས་གཏོད་ལམ་ལྷོངས་བྱུང་བ་ནི་གསར་གཏོད་ཀྱི་འདུ་ཤེས་དང་ལས་གཏོད་ལ་རྟེན་དགོས་ཞེས་བཤད།

དེའི་གོང་ལི་ཨའོ་རན་གྱིས་བོད་པའི་ཇ་སྲུབས་མ་བྲིན་ཁ་རྒྱུག་པོ་ཡོང་བར་བསམ་བློ་བཏང་ཡང་། ན་ནིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཁྱིམ་དུ་སྡོད་རིང་བོད་ཀྱི་ས་གནས་ཀྱི་ཐོན་ཁུངས་གསར་སྤེལ་ལ་ཁ་ཕྱོགས་ནས་སོག་མ་བེད་སྤྱོད་བཏང་ཞིང་། ལི་ཨའོ་རན་གྱིས“ད་ཆ་ཁྲོམ་རར་འཚོང་བའི་འཇིབ་ཤུགས་ཆེ་བའི་སོལ་བ་མང་པོ་ཞིག་རྡོ་སོལ་དང་ཤིང་ལས་བཟོས་པ་ཞིག་ཡིན་པ་དང་། བོད་དུ་ལོར་ནས་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་80ལྷག་ཟིན་པ་དང་། ནས་ཀྱི་སོག་མ་ནི་བསྐྱར་སྐྱེས་ཀྱི་ནུས་རྒྱུ་ཞིག་ཡིན་པར་བརྟེན། ཡང་བསྐྱར་སྤྱོད་པའི་ཟུར་སྣོན་གྱི་རིན་ཐང་མཐོ་རུ་བཏང་བ་དེས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ལ། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ཀྱང་སྲུང་སྐྱོང་ཐུབ་རྒྱུ་རེད”ཅེས་བཤད།

བོད་ལྗོངས་སློབ་ཆེན་གྱི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་རོགས་རམ་ལ་བརྟེན་ནས་ལི་ཨའོ་རན་གྱིས་ནས་ཀྱི་སོག་མས་འཇིབ་ཤུགས་ཆེ་བའི་སོལ་བ་བཟོ་བའི་ལག་རྩལ་གྱི་འགག་སྒྲོལ་བདེ་བླག་བྱུང་ཡོད།

“འཇིབ་ཤུགས་ཆེ་བའི་སོལ་བས་གནོད་ལྡན་རླངས་པ་འཐེན་པ་མ་ཟད། ཆུ་དྭངས་མོ་བཟོ་ཐུབ་ཀྱི་ཡོད་པས། ལོ་ལྟར་འབྲེལ་ཡོད་ཀྱི་ཐོན་ཟོག་འབོར་ཆེན་ནང་འདྲེན་བྱེད་དགོས་པར་བརྟེན། བོད་དང་ནང་སའི་ཁྲོམ་རར་ཚོང་ལམ་རྒྱ་ཆེན་པོ་ཡོད། ང་ཚོས་རིག་གནས་བསམ་བཀོད་ཀྱི་འདུ་ཤེས་དང་ཚན་རྩལ་གསར་གཏོད་ཟུང་འབྲེལ་བྱས་ནས་ཐང་གའི་རི་མོར་བལྟས་ནས་བཟོས་པའི་སྒྲིག་ཆས་སྣ་ཚོགས་ལ‘བོད་ཀྱི་ལག་རྟགས’ཞེས་པའི་ཡུལ་སྐོར་ཚོང་ཟོག་གི་མཚོན་རྟགས་ཀྱི་མིང་བཏགས་ཡོད། དེ་ནི་རིག་གནས་བསམ་བཀོད་ཐོན་ཟོག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་སྐྱོད་པའི་ལམ་ཡིག་ལྟ་བུ་རེད”ཅེས་ལི་ཨའོ་རན་གྱིས་བཤད།

ལི་ཨའོ་རན་གྱིས“འདི་ལོར་ང་ཚོས་ན་གཞོན་རི་མོ་བ་ཁག་གཅིག་དང་སླར་ཡང་གན་རྒྱ་བཞག་ནས་རིག་གནས་བསམ་བཀོད་ཀྱི་བརྩམས་ཆོས་སྔར་ལས་མང་བ་ཇུས་འགོད་བྱས་ཏེ་བཟོ་རྩིས་ཡོད”ཅེས་གསར་འགོད་པར་བཤད།

ཐོན་ལས་སྟོབས་ཆེར་བཏང་ནས་འཕེལ་རྒྱས་མགྱོགས་སུ་བཏང་བ།

“བར་སྐོར་གྱི་སྲང་ལམ་ཚང་མ་བསྐོར་རྗེས། ཚོང་ཁང་ཚང་མའི་རིན་གོང་གཅིག་པ་མིན་པ་ཤེས་བྱུང་། དེ་སྔོན་ལྷ་སའི་ཡུལ་སྐོར་རིག་གནས་བསམ་བཀོད་ཚོང་ཁང་དུ་ཚོང་ཟོག་གི་བཟོ་ལྟ་ཇུས་འགོད་རྙིང་ཞིང་རིན་གོང་ཁ་གསལ་མེད་པ་སོགས་ཀྱི་གནད་དོན་རྒྱ་ཁྱབ་ཏུ་ཡོད། ཉིན་བཞིན་ཆེ་རུ་འགྲོ་བའི་ཁྲོམ་རའི་དགོས་མཁོ་དང་ས་གནས་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་མཁོ་སྤྲོད་ཀྱི་ནུས་པའི་དབར་ཧེ་བག་ཆེན་པོ་ཡོད”ཅེས་བོད་ཀྱི་ཡུལ་སྐོར་རིག་གནས་བསམ་བཀོད་ཚོང་ཟོག་མཐུན་ཚོགས(གྲབས་འཛུགས)ཀྱི་འགན་འཁུར་བ་ཧྥང་ཁུན་གྱིས་བཤད་པ་དང་། ཁོང་གིས་ད་ཆ་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་བོད་ཀྱི་ཡུལ་སྐོར་རིག་གནས་བསམ་བཀོད་ཁྲོམ་ར་1.0ནས་2.0བར་རིམ་བཞིན་རིམ་པ་འཕར་བའི་ངོས་འཛིན་བྱས།

བར་སྐོར་ཁྲོམ་གཞུང་དུ་ཧྥང་ཁུན་ཀུང་སིས་ཀྱང“ཧི་མ་ལའི་ལག་རྟགས”ཀྱི་རིག་གནས་བསམ་བཀོད་སྒྱུ་རྩལ་ཚོང་ཟོག་ཚོང་ཁང་གསུམ་གཉེར་སྐྱོང་བྱེད་ཀྱི་ཡོད། ལོ་6ལྷག་ཙམ་གཉེར་སྐྱོང་བྱས་པ་བརྒྱུད། ཧྥང་ཁུན་དང་རོགས་པ་ཚོས་བོད་ཀྱི་ཡུལ་སྐོར་རིག་གནས་བསམ་བཀོད་ཀྱི་རིམ་སྤོར་ལམ་བུ་མུ་མཐུད་འཚོལ་ཞིབ་བྱས་ནས། བོད་སྤོས་དང་། བོད་རུམ། བསླས་མ། རྒྱན་ཆ་བཅས་རྒྱལ་སྤྱི་ཅན་གྱི་རིག་གནས་བསམ་བཀོད་ཐོན་ཁུངས་དང་འབྲེལ་མཐུད་བྱས་ཡོད། ཧྥང་ཁུན་གྱིས་དེ་དག་ལ་ཇུས་འགོད་ཀྱི་བསམ་བློ་ཤུགས་ཆེན་ལྡན་ལ་ཞིབ་ཚགས་ངང་བཟོས་པའི་རྒྱན་ཆ་དང་། བོད་སྤོས། བོད་རུམ། སྐེ་དཀྲིས་སོགས་བོད་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་ཀྱིས་སྲོལ་རྒྱུན་རིག་གནས་དེང་རབས་ཅན་ནས་མཚོན་པར་བྱས་ཏེ“བོད་དང་ཧི་མ་ལ་ཡའི་མཛེས་སྡུག་ལྡན་པའི་འཚོ་བ”པེ་ཅིང་དང་། ཧྲང་ཧའེ། ཁྲེན་ཏུའུ་སོགས་ནང་སའི་གྲོང་ཁྱེར་དང་ཐ་ན་འཛམ་གླིང་དུའང་ཁྱབ་པར་བྱེད་རྒྱུ་ཡིན་ཞེས་བཤད།

བསྡོམས་རྩིས་ལ་གཞིགས་ན། བོད་ཀྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་ལ་ཞུགས་མཁན་མི་ཁྲི་40ལྷག་ཙམ་ཟིན་པའི་ཁྲོད་ཇུས་འགོད་དང་། ཐོན་སྐྱེད། གཉེར་སྐྱོང་བཅས་བྱེད་མཁན་ཤེས་ལྡན་མི་སྣ་ཚུད་ཡོད་ལ། ད་དུང་ཞིང་འབྲོག་པ་འབོར་ཆེན་ཞིག་ཁྱད་ལྡན་འདེབས་གསོ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རི་མོ་འབྲི་བ། ཚེམ་བུ་རྒྱག་པ་སོགས་ལ་བསྡུས་ཡོད།

ཡུལ་སྐོར་རིག་གནས་བསམ་བཀོད་ཚོང་ཟོག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད། བོད་ཀྱིས་ལོ་བརྒྱད་བསྟུད་མར་ཡུལ་སྐོར་རིག་གནས་བསམ་བཀོད་ཚོང་ཟོག་གི་འགྲན་བསྡུར་ཆེན་པོ་གཉེར་ཏེ། ཡུལ་སྐོར་རིག་གནས་བསམ་བཀོད་ཀྱི་ཚོང་ཟོག་མཐུན་ཚོགས་གྲབས་འཛུགས་དང་། “བོད་ཀྱི་ལག་རྟགས”ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་པ། ཐོག་མའི་གསར་རྩོམ་ཇུས་འགོད་དང་པར་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས“མཉམ་ཤུགས”ཤིག་ཆགས་པར་བྱས་ཡོད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་བསྒྱུར་ནས་ཞུས)