《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月07日

འདི་ལོ་བོད་དུ་གཏོང་རྩིས་ཡོད་པའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་བཟོ་ལྟ་གང་འདྲ་ཞིག་ཡོད་དམ།

“ལྷ་ཉིང་ལྕགས་ལམ་ཤར་གཏོང་ལས་གཉེར་བྱེད་སྐབས་བསྐྱར་དར་རྟགས་ཅན་གྱི་གློག་ཁུངས་ཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་བོད་དུ་གཏོང་ཐུབ་རྒྱུ་རེད”ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ཉེ་ཆར་འཚོགས་པའི་ལས་དོན་ཚོགས་འདུའི་ཐོག་ཡོངས་བསྒྲགས་བྱས་པའི་གསར་འགྱུར་དེར་ཕྱོགས་ཁག་གི་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

མིག་སྔར། ལྷ་ཉིང་ལྕགས་ལམ་གྱི་མ་ལམ་བཏིང་ཟིན་པ་དེ་ཐོག་ནས་ལྷ་ཉིང་ལྕགས་ལམ་མི་རིང་བར་ཤར་གཏོང་ལས་གཉེར་བྱས་ཏེ། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གངས་ལྗོངས་ས་མཐོར་མངོན་ནས་ཀྲུང་གོའི་སྐམ་ས་ཆེན་པོའི་ཞིང་ཆེན་ཚང་མར་ཁྱབ་པ་མཚོན་ཡོད།

བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གཞན་དག་དང་མི་འདྲ་བར་བོད་དུ་གཏོང་རྩིས་ཡོད་པའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་དེ་ནི་གློག་ཁུངས་ཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་ཞིག་རེད། འོ་ན། མེ་འཁོར་དེར་མིང་དེ་ལྟར་འདོགས་དོན་གང་ཡིན་ནམ། ཡང་སྙིང་དེའི་བཟོ་ལྟ་གང་འདྲ་ཞིག་ཡོད་དམ།

གསར་འགོད་པས་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། “གློག་ཁུངས་ཉིས་ལྡན”ཞེས་པ་ནི་ཤུགས་འགྲེམས་མེ་འཁོར་དེར་ནང་འབར་དང་གློག་གཉིས་སྤྱོད་པར་ཟེར་ཞིང་། དེ་ནི་ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་དམིགས་བསལ་གྱི་ས་གཤིས་ཆ་རྐྱེན་དང་འབྲེལ་བ་ཡོད་པ་རེད།

ལྷ་ཉིང་ལྕགས་ལམ་དེ་མཚོ་བོད་ས་མཐོའི་གངས་ཏི་སེའི་དུམ་བུ་ནས་རི་བོ་ཧི་མ་ལ་ཡའི་དུམ་བུ་བར་གྱི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཡོད་པ་དང་། ལམ་དུམ་གྱི་90%ཡན་ས་བབ་མཐོ་ཚད་སྨི་3000ཡན་གྱི་ཁུལ་དུ་གནས་ཡོད།

“གློག་ཤུགས་སྤྱད་པ་དེ་ནི་ཕྱིན་ཆད་ཤུགས་འགྲེམས་མེ་འཁོར་དེ་གློག་ཤུགས་ཅན་གྱི་ལྕགས་ལམ་གཞན་དག་ཐོག་འཁོར་སྐྱོད་ཐུབ་ནས་ལམ་དྲ་ཤར་གཏོང་ཐུབ་པ་བྱ་ཆེད་དང་། ནང་འབར་སྤྱད་པ་དེ་ནི་གལ་སྲིད་ས་མཐོར་དམིགས་བསལ་གནས་ཚུལ་ཐོན་ཚེ་མེ་འཁོར་གྱིས་ནང་འབར་སྤྱད་དེ་འཕྲལ་མར་མྱུར་སྐྱོབ་ཐུབ་པ་བྱ་ཆེད་རེད”ཅེས་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་བྱུང་།

མེ་འཁོར་དེའི་མིང་ཤེས་མོད། འོ་ན་བོད་དུ་གཏོང་རྩིས་ཡོད་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་དེའི་བཟོ་ལྟ་གང་འདྲ་ཞིག་ཡོད་དམ།

འབྲེལ་ཡོད་མི་སྣས་གསར་འགོད་པར་ངོ་སྤྲོད་བྱས་དོན། གློག་ཁུངས་ཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་དེ་ནི་གཙོ་བོ་ཆུ་ཚོད་རེར་མྱུར་ཚད་སྤྱེ་ལེ་160ཟིན་པའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་རྨང་གཞིའི་ཐོག་སྒྱུར་བཀོད་རིམ་སྤོར་བྱས་པ་ཞིག་ཡིན་པ་དེར་གསོ་རླུང་མཁོ་འདོན་སྒྲིག་ཆས་གསར་དུ་བསྣན་པ་སོཌ་ཚུད་ཡོད། མེ་འཁོར་གྱི་ཕྱིའི་བཟོ་ལྟ་དང་ནུས་པ་གང་འདྲ་ཞིག་ཡོད་མེད་དེ་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་གཞི་ནས་ཤེས་ཐུབ།

གསར་འགོད་པར་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ནས་སྤྱི་ལེ་350བར་ཟིན་པའི་བསྐྱར་དར་རྟགས་ཅན་རིགས་ཀྱི་ཤུགས་འགྲེམས་མེ་འཁོར་ཚང་མ་བེད་སྤྱོད་བཏང་ཟིན་པ་དང་། འདྲུད་འཐེན་སྒུལ་ཤུགས་ནང་ཁ་ཐོར་སྒུལ་ཤུགས་རྣམ་པ་དང་གཅིག་སྡུད་སྒུལ་ཤུགས་རྣམ་པ་ཚུད་པ་དང་། དེ་ནི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40མན་གྱི་གྲང་ངར་ཆེ་བའི་ས་ཁུལ་སོགས་ཀྱི་ཁོར་ཡུག་ཏུ་སྤྱོད་ཆོག ན་ནིང་ལོ་མཇུག་བར། རྒྱལ་ཡོངས་ཀྱིས་བསྐྱར་དར་རྟགས་ཅན་རིགས་ཀྱི་ཤུགས་འགྲེམས་མེ་འཁོར་1036སྒྲིག་སྦྱོར་བྱས་པ་དང་། རིམ་རྩིས་བྱས་ན་བདེ་འཇགས་ལྡན་པའི་སྒོ་ནས་ལམ་ཐིག་སྤྱི་ལེ་དུང་ཕྱུར་8.36འཁོར་སྐྱོད་བྱས་པ་དང་འགྲུལ་པ་མི་ཐེངས་དུང་ཕྱུར་8.27སྐྱེལ་འདྲེན་བྱས་ཡོད་པ་རེད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་སྐལ་མཆོག་གིས་ཞུས)