《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月07日

“ང་ཚོས་སློབ་སྦྱོང་གི་གོ་སྐབས་འདི་ལྟ་བུར་གཅེས་འཛིན་ཡག་པོ་བྱེད་ཀྱི་ཡོད”

ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཝུའེ།

འདི་ནི་ཧིན་རྡུ་ཉི་ཞི་ཡའི་སློབ་མས་ལུའུ་པན་བཟོ་ཁང་གི་མི་མེད་གནམ་གྲུའི་སློབ་ཁྲིད་ཁུལ་དུ་ཞིང་ལས་སྐྱེ་དངོས་སྲུང་སྐྱོང་གི་མི་མེད་གནམ་གྲུ་སྒྱུར་བཟོ་བྱེད་བཞིན་པ།

སྐྱེ་དངོས་སྲུང་སྐྱོང་གི་མི་མེད་གནམ་གྲུས་མཁའ་དབྱིངས་ནས་སྐར་མ་20ཡི་ནང་ཞིང་ཁ་གཅིག་ལ་ཞིང་སྨན་གཏོར་གྱི་ཡོད། “གལ་ཏེ་མི་ཤུགས་ལ་བརྟེན་ཚེ་མི་གཅིག་གིས་ཉིན་གཉིས་ལ་གཞི་ནས་ཞིང་སྨན་གཏོར་ཚར་གྱི་ཡོད” “ངས་མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་ལག་རྩལ་ཡག་པོ་སྦྱངས་ནས་ཕྱིས་འབྱུང་སྐྱེ་དངོས་སྲུང་སྐྱོང་གི་མི་མེད་གནམ་གྲུ་དེ་བས་མང་བ་ཧིན་རྡུ་ཉི་ཞི་ཡའི་ཞིང་ནང་དང་མུ་ཁར་སྤྱོད་ཐུབ་པའི་རེ་བ་ཡོད”ཅེས་གཱ་ལི་སིས་མྱོང་བ་ཟབ་མོས་བཤད།

གཱ་ལི་སི་ནི་ཧིན་རྡུ་ཉི་ཞི་ཡའི་ཏུང་ཀྲོ་ཝ་ཞིང་ཆེན་པོ་ནུའོ་ལུའོ་ཀེ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་ཞིག་ཡིན་ཞིང་། མི་མེད་གནམ་གྲུ་ཞིང་ནང་དང་ཡུལ་དངོས་སུ་བཀོལ་སྤྱོད་བྱ་རྒྱུ་ནི་ཁོང་གིས་དགའ་ཤོས་བྱེད་པའི་སློབ་ཚན་གྱི་གྲས་ཤིག་རེད། 2020ལོར་གཱ་ལི་སི་དང་སློབ་གྲོགས་ཚོས་སྐྱེ་དངོས་སྲུང་སྐྱོང་གི་མི་མེད་གནམ་གྲུའི་རྣམ་གྲངས་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་རིམ་པའི་ལས་རིགས་སློབ་མའི་གསར་གཏོད་འགྲན་བསྡུར་ཆེ་མོར་ཞུགས། དགེ་རྒན་ཕཱ་ལི་ཡ་ཏིས“ང་ཚོས་གསར་གཏོད་ཀྱི་རྣམ་གྲངས་དེའི་ཐོག་ནས་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ནང་ཞུགས་ཐུབ་པ་ནི་ལུའུ་པན་བཟོ་ཁང་གི་རྩལ་ནུས་གསོ་སྦྱོང་ལས་བྱུང་བ་ཞིག་ཡིན་ཞིང་། རྒན་ལགས་ཀྱིས་ཁྲིད་པའི་སློབ་ཚན་དང་བསླབས་པའི་ཤེས་བྱས་སློབ་མ་ཚོའི་ཕུགས་འདུན་དོན་གཉེར་གྱི་སྙིང་སྟོབས་དེ་བས་ཆེ་རུ་སོང་ཡོད”ཅེས་བཤད།

2017ལོའི་ཟླ་12པར་ཐེན་ཅིང་གྲོང་ཁྱེར་ཏུང་ལིས་ཆུས་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་སློབ་གྲྭས་པོ་ནུའོ་ལུའོ་ཀེ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཧིན་རྡུ་ཉི་ཞི་ཡའི་ལུའུ་པན་བཟོ་ཁང་དང་པོ་བསྐྲུན་ཏེ། རླངས་འཁོར་ཉམས་བཟོ་དང་། ནུས་རྒྱུ་གསར་པའི་ལག་རྩལ། ལས་གྲྭའི་ལག་ལེན་གསར་གཏོད། མི་མེད་གནམ་གྲུའི་ལག་རྩལ་སོགས་ཐད་ཀྱི་གསོ་སྦྱོང་བྱས་པ་དང་། དེ་གའི་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་དང་ཕུན་སུམ་ཚོགས་པའི་སློབ་ཁྲིད་ནང་དོན་ལ་ཧིན་རྡུ་ཉི་ཞི་ཡའི་རྒྱ་ཆེའི་དགེ་སློབ་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

ཧིན་རྡུ་ཉི་ཞི་ཡ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེ་མོ་ཞིག་ཡིན་པས་ཞིང་ལས་ཚན་རྩལ་གྱི་ཤེས་ལྡན་པ་དགོས་མཁོ་ཆེན་པོ་ཡོད། ལུའུ་པན་བཟོ་ཁང་ནས་གཙོ་བོ་མི་མེད་གནམ་གྲུའི་ཞིང་ལས་ལག་རྩལ་སློབ་ཀྱི་ཡོད་པ་དང་། དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་མ་ཚོས་རྨང་གཞི་གང་ཡང་མེད་པ་ནས་འགོ་བཙུགས་ཏེ་སློབ་སྦྱོང་བྱས་ནས་ལྷུ་ལག་སྒྲིག་བཟོ་དང་། དག་བཅོས། བཀོལ་སྤྱོད། སྲུང་སྐྱོང་སོགས་གོ་རིམ་ཚང་མ་ནན་ཏན་གྱིས་སྦྱོང་གི་ཡོད། ཕྱོགས་གཅིག་ནས་སློབ་ཁང་དུ་སློབ་སྦྱོང་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཞིང་ནང་དུ་བཀོལ་སྤྱོད་བྱས་པས་རྩལ་ནུས་འགྲན་བསྡུར་ཁག་ཁྲོད་སློབ་མ་ཚོའི་རྩལ་ནུས་མཐོ་རུ་དང་ཡར་རྒྱས་མགྱོགས་པོ་ཕྱིན་ཡོད། སློབ་མ་ལི་ཝ་ཡིས“དེང་རབས་ལག་རྩལ་གྱིས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ལྡན་པས། ང་ཚོས་སློབ་སྦྱོང་གི་གོ་སྐབས་འདི་ལྟ་བུར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། ལག་རྩལ་གསར་པས་ཧིན་རྡུ་ཉི་ཞི་ཡའི་ཞིང་ལས་ཐོན་སྐྱེད་དེ་བས་ནུས་ཆེ་དང་ཞིབ་ཚགས་ཅན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་པའི་རེ་བ་ཡོད”ཅེས་བཤད་པ་དང་། དགེ་རྒན་ཕཱ་ལི་ཡ་ཏིས“སློབ་གྲྭ་མི་ཉུང་བ་ཞིག་གིས་མི་མེད་གནམ་གྲུའི་སློབ་ཁྲིད་ནང་འདྲེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ད་དུང་སློབ་གྲྭ་གཞན་དག་གི་དགེ་རྒན་ཆེད་མངགས་ང་ཚོའི་འདི་གར་ལག་རྩལ་ལྟ་སྦྱོང་བྱེད་པར་ཡོང་གི་ཡོད། འབྱུང་འགྱུར་ཀྲུང་གོའི་སློབ་གྲྭ་དང་ཁེ་ལས་ཀྱི་རོགས་རམ་འོག་མི་མེད་གནམ་གྲུ་བཀོལ་སྤྱོད་མུ་མཐུད་ཁྱབ་གདལ་བཏང་ནས་ཧིན་རྡུ་ཉི་ཞི་ཡའི་འབྲེལ་ཡོད་ལས་རིགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་པའི་རེ་བ་ཡོད”ཅེས་བཤད།

“ལུའུ་པན་བཟོ་ཁང་གིས་བཀོད་སྒྲིག་བྱས་པའི་སློབ་ཚན་དག་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་པོ་ཡོད”པོ་ནུའོ་ལུའོ་ཀེ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་སྤྱི་ཨ་ལི་ཧྥེན་གྱིས། བཟོ་ཁང་གཉེར་འགོ་ཚུགས་པ་ནས་བཟུང་། སློབ་མ་གསར་པ་ཆིག་སྟོང་ཡན་མང་དུ་ཕྱིན་པ་དང་། སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་བརྟན་པོས་མཐོ་རུ་ཕྱིན་པ། 2019ལོ་དང་2020ལོའི་སློབ་ལོའི་སློབ་ཐོན་སློབ་མ་98%ཁེ་ལས་མི་འདྲ་བ་དང་གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་ཡོད། “ང་ཚོས་སློབ་ཁྲིད་བྱ་ཡུལ་དེ་བས་ཆེ་བ་གྲ་སྒྲིག་བྱས་ཟིན་པས་མཉམ་ལས་དེ་རིགས་ཇེ་མང་དུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བཤད།

ལུའུ་པན་བཟོ་ཁང་ལྟ་བུའི་གསར་གཏོད་མཉམ་ལས་བྱེད་ཐབས་དེ་རིགས་ཀྱིས་ཧིན་རྡུ་ཉི་ཞི་ཡར་ལག་རྩལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་པའི་ཐད་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད། ཧིན་རྡུ་ཉི་ཞི་ཡའི་སློབ་གསོ་དང་རིག་གནས་པུའི་ལས་རིགས་སློབ་གསོ་སིའི་སི་ཀྲང་ཝུའེ་ཁན·ས་ཁཱ་ལིན་ཐུའོ་ཡིས། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་མི་ཆོས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ལས་རིགས་སློབ་གསོའི་ཐད་ཀྱི་མཉམ་ལས་གཏིང་ཟབ་དུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད། ཀྲུང་གོར་བཅའ་སྡོད་ཧིན་རྡུ་ཉི་ཞི་ཡའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཧའོ་ལི་ཡིས། ལས་རིགས་སློབ་གསོ་དང་དཔལ་འབྱོར་འཛུགས་སྐྲུན་ཟུང་འབྲེལ་བྱེད་པ་ནི་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་གསར་གཏོད་ཀྱི་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

(སྐལ་མཆོག་གིས་བསྒྱུར། ཉི་དོན་གྱིས་ཞུས)