《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

མཚོ་སྔོན་གྱིས་ལོ་བཞིའི་རིང་སློབ་གྲྭར་འགྲོ་མཚམས་བཞག་པའི་སློབ་མ་ཁྲི་2.8སློབ་གྲྭར་འགྲོ་རྒྱུའི་སྐུལ་སློང་བྱས་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོ་ཚུན་དུ། རིམ་རྩིས་བྱས་ན་ཞིང་ཆེན་ཡོངས་སུ་སློབ་མཚམས་བཞག་པའི་སློབ་མ་མི་ཐེངས་ཁྲི་2.8སློབ་གྲྭར་འགྲོ་རྒྱུའི་སྐུལ་སློང་བྱས་པས་སློབ་མཚམས་བཞག་པའི་སློབ་མ་སློབ་གྲྭར་འགྲོ་ཚད་99.89%ཟིན་པ་དང་། དེ་དག་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བུ་ཕྲུག་སློབ་གྲྭར་འགྲོ་ཚད་100%ཟིན་ཡོད་པ་རེད།

དུས་ཡུན་རིང་པོའི་ནང་། ས་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་འོག མཚོ་སྔོན་དུ་སློབ་མཚམས་བཞག་པའི་སློབ་མ་ཅུང་མང་པོ་ཐོན་ཡོད། 2017ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྫོང་རིམ་པའི་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་རྒྱུན་ཆད་མེད་པར་དོན་འཁྱོལ་དང་། རིམ་ཁག་དབུལ་སྐྱོར་དང་། སྤྱི་བདེ། ཁྲིམས་འཛིན་སོགས་སྡེ་ཚན་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་དོན་སྤེལ་རིང་སོ་སོའི་ནུས་པ་འདོན་སྤེལ་བྱས་ནས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་སློབ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་རྒྱུའི་འགན་ལེན་བྱེད་པའི་མཉམ་དུ་ཚོད་འཛིན་དང་མཉམ་དུ་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག དཔྱིད་གསར་རྗེས་སུ་སློབ་འགོ་ཚུགས་པ་དང་སྟོན་དུས་སློབ་འགོ་ཚུགས་པའི་དུས་མཚམས་གཉིས་ལ་དམིགས་ནས། སློབ་ཆུང་ལོ་རིམ་དང་པོ་དང་། སློབ་ཆུང་ནས་དམའ་འབྲིང་དུ་སྐྱོད་པ། དམའ་འབྲིང་བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ནན་པོ་བྱས་པ་དང་། དེ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་སློབ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་རྒྱུའི་འགན་ལེན་བྱེད་པའི་གྲངས་གཞི་ཞིབ་དཔྱད་བསྡུར་བཤེར་མ་ལག་ལས་སྟེགས་ཐོག་མ་དེ་ཞིབ་བཟོ་བྱས་ཏེ། “དྲ་སྦྲེལ་དང་སློབ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་རྒྱུའི་འགན་ལེན་བྱ་རྒྱུ་ཟུང་འབྲེལ་བྱེད་པའི”ལས་དོན་སྤེལ་སྟངས་གསར་རྐྱང་ཞིག་འགོ་བཙུགས་པ་རེད། གཞན་ཡང་། མཚོ་སྔོན་གྱིས་ས་ཁུལ་ཁག་ལ་རིགས་དབྱེའི་ཇུས་འདོན་བྱས་ནས་སློབ་མཚམས་བཞག་པའི་སློབ་མའི་དོན་དངོས་གཞིར་བཟུང་སྔ་མའི་འཛིན་གྲྭར་ཞུགས་པ་དང་། ལོགས་སུ་འཛིན་གྲྭ་བཀོད་སྒྲིག་བྱེད་པ། སྒོ་ཁར་བསྐྱོད་དེ་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་མས་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་ཐུབ་པར་བྱས་ཏེ། སློབ་མཚམས་བཞག་པའི་སློབ་མ“སློབ་གྲྭར་སྐྱོད་ཐུབ་པ་དང་། སློབ་གྲྭར་གནས་ཐུབ་པ། སློབ་སྦྱོང་ཡག་པོ་བྱེད་ཐུབ་པ”བཅས་ཡོང་རྒྱུའི་འགན་ལེན་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)