《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

མ་དངུལ་སྒོར་དུང་ཕྱུར་121ལྷག་ཙམ་བཏང་ནས་བོད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་རམ་འདེགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐེན་ཅིན་ཝུན།

ཡར་ཀྲུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་ནི་དེ་སྔ་ཐང་རྒོད་ཅིག་ཡིན་པ་དང་། ས་ཞིང་བྱེ་འགྱུར་གྱི་གནད་དོན་ཚབས་ཆེན་ཡོད་སྟབས་གྲོང་མི་རྣམས་ཁོར་ཡུག་ཞན་སྒྱུར་གྱི་དཀའ་སྡུག་གྲངས་མེད་མྱངས་ཡོད།

2014ལོ་ནས་2017ལོའི་བར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་དུ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3ལྷག་ཙམ་བྱས་པ་དང་། 2018ལོ་ནས་ད་བར་སླར་ཡང་སྣོད་བཅུད་ནགས་ཚལ་མུའུ་ཁྲི་1རྒྱ་སྐྱེད་བཏང་ཡོད། སྤྱི་ལེ་50ལྷག་ཙམ་ཡོད་པའི“སྣོད་བཅུད་སྔོ་ལྗང་གླིང”དེ་ཡར་ཀླུང་གཙང་པོའི་ངོགས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། བོད་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་121ལྷག་ཙམ་བཏང་ནས། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དང་སྔོ་ཞིང་དྭངས་པའི་རི་ཆུར་ཐབས་མང་མཉམ་སྤྱོད་ཀྱིས་སྲུང་སྐྱོང་བྱས་ཡོད།

བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱལ་གྱིས། “བོད་ལྗོངས་ས་མཐོ་ནི་སའི་གོ་ལའི་སྣེ་གསུམ་པའི་ལྟེ་བའི་ཁུལ་དུ་གནས་ཡོད་པས་བོད་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དེ་གོ་ལ་ཧྲིལ་པོའི་སྣོད་བཅུད་དོ་སྙོམས་ཡོང་རྒྱུའི་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། བོད་ལྗོངས་ཀྱིས་བཀག་སྡོམ་དང་ཚད་བཀག་བྱས་པའི་གསར་སྤེལ་ས་ཁོངས་ཀྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་80%བཟུང་ཡོད”ཅེས་བརྗོད།

གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་ཀྱིས་ནགས་བཟོ་མུའུ་ཁྲི་596བྱས་པ་དང་། གཏེར་རི་སྔོག་ཤུལ་སྤྱི་ཆིང་1803སླར་གསོ་བྱས་པ། ས་གཤིས་ཀྱི་གནོད་འཚེ་བྱུང་བའི་ལས་གྲྭ་25དང་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1172.54བཅོས་སྒྲིག་བྱས་ཡོད་པ་རེད། (ཚེ་ཁོས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)