《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月28日

བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་ བུ་བཅོལ་ཁང་དུ་ཞུགས་ཚད་87%ལྷག་ཙམ་ཟིན་པ།

“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”སྟེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་ཕྲུ་གུ་ཚོ་སློབ་འཁོར་ལ་བསྡད་དེ་བུ་བཅོལ་ཁང་དུ་འགྲོ་རྩིས་བྱེད་བཞིན་པ།

● ལོ་བཅུའི་གོང་བོད་ལྗོངས་སུ་གཞུང་བཙུགས་བུ་བཅོལ་ཁང་བསྡོམས་200ཡང་མེད་པ་ནས་ད་ཆ་བུ་བཅོལ་ཁང་བསྡོམས་2000ལྷག་ཙམ་བར་མང་དུ་ཕྱིན་ཡོད།

● ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་ནང་ཡོད་པའི་བྱིས་པ་མི་གྲངས་150934ཟིན་པ།

● བོད་ལྗོངས་ཀྱིས་བུ་བཅོལ་ཁང་འཛུགས་སྐྲུན་ཐད་བསྡོམས་མ་དངུལ་སྒོར་དུང་ཕྱུར་60.73བཏང་བ།

● མིག་སྔར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་ཚང་མ་ནོར་སྲིད་ཀྱི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་བཅུག་ཡོད། སྲིད་ཇུས་དེས་བུ་བཅོལ་ཁང་གི་བྱིས་པ་ཁྲི་12.43ལ་ཕན་པ་ཐོབ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་གསལ། 2020ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་87.03%ཟིན་པ་དེ་2011ལོ་ལས་བརྒྱ་ཆའི་གྲངས་52.03མཐོ་རུ་ཕྱིན་ཡོད་པ་རེད།

སློབ་ཞུགས་གོང་གི་སློབ་གསོའི་ལས་ཀ་ཡུན་རིང་བྱེད་མཁན་ལྷ་ས་གྲོང་ཁྱེར་གངས་གཞོན་བུ་བཅོལ་ཁང་གི་ཡོན་ཀྲང་བློ་བཟང་དཔལ་ལྡན་གྱིས་བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་མྱུར་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་ཡོད། ཁོང་གིས“ལོ་བཅུའི་རིང་། བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་ཡོད། བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོར་རྒྱལ་ཁབ་ཀྱིས་མཐོང་ཆེན་པོ་གནང་ནས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ལོ་བཅུའི་གོང་ལྗོངས་ཡོངས་སུ་གཞུང་བཙུགས་བུ་བཅོལ་ཁང་བསྡོམས་200ཡང་མེད་པ་ནས་ད་ཆ་བུ་བཅོལ་ཁང་བསྡོམས་2000ལྷག་ཙམ་བར་མང་དུ་ཕྱིན་ཡོད”ཅེས་ཧང་སང་པའི་སྒོ་ནས་དེ་ལྟར་བཤད།

མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་བུ་བཅོལ་ཁང་གི་གྲངས་འབོར་2199ཟིན་པ་དེ་2011ལོ་ལས་ལྡབ་10.1འཕར་བ་དང་། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་ནང་ཡོད་པའི་བྱིས་པའི་མི་གྲངས་150934ཟིན་པ་དེ་ལོ་བཅུའི་རིང་ལྡབ་2.6ཙམ་འཕར་ཡོད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མ་འཇོག་བྱེད་ཚད་ཆེ་རུ་དང་། སྲིད་ཇུས་ལེགས་གཏོང་། གཞི་ཁྱོན་ཆེར་གཏོང་། དགེ་རྒན་ཁ་གསབ། ཚད་ལྡན་དོ་དམ་སོགས་ཐད་ཀྱི་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་བསྟུན། བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་འགྲོ་བའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད། 2012ལོ་ནས་བཟུང་། བོད་ལྗོངས་ཀྱིས་བུ་བཅོལ་ཁང་འཛུགས་སྐྲུན་ཐད་བསྡོམས་མ་དངུལ་སྒོར་དུང་ཕྱུར་60.73བཏང་བ་དང་། དེའི་ནང་ནས་གྲོང་གསེབ་བུ་བཅོལ་ཁང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་42.52ཟིན་པ་དེས་བསྡོམས་འབོར་གྱི་70%བཟུང་ཡོད། ད་ཆ་བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་གཞི་རྩའི་ཆ་ནས་ཡོངས་ཁྱབ་བྱུང་ཡོད།

“བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་བཀོད་པ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་འབྲེལ། རང་འགུལ་ངང་མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་རྣམ་གསར་གྲོང་ཁྱེར་གྲོང་རྡལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་བུ་བཅོལ་ཁང་གི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད”ཅེས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ཀྲུའུ་ཡུན་གྱིས་དེ་ལྟར་བཤད། ཁོང་གིས་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ལས་གྲྭ་སོགས་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་རྒྱུར་དམ་འཛིན་བྱས་པ་མ་ཟད། ད་དུང་སློབ་ཞུགས་གོང་གི་སློབ་གསོ་རང་སྐྱོང་ལྗོངས་ཀྱི་ལོ་15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་གྲས་སུ་བཅུག་ཡོད་ཅེས་བཤད།

ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་སྡེ་ཁུལ་བུ་བཅོལ་ཁང་དུ་ཡོན་ཀྲང་ཟླ་བས་རྒྱུན་གཏན་བཞིན་ཆུ་ཚོད་དགུ་དང་ཕྱེད་ཀར་བུ་བཅོལ་ཁང་གི་སྒོ་ཁར་ཕྲུ་གུ་ཚོ་བསུ་བཞིན་འདུག ཟླ་བས“ད་ཆ་ཁྱིམ་བདག་ཚོས་སློབ་ཞུགས་གོང་གི་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་བུ་བཅོལ་ཁང་གི་སློབ་མའི་གྲངས་འབོར་ཀྱང་རྒྱུན་ཆད་མེད་པར་མང་དུ་འགྲོ་གི་འདུག སློབ་གྲྭའི་སློབ་གསོའི་ཆུ་ཚད་དང་། བཟའ་བཏུང་གི་འཚོ་བཅུད། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་བཅས་ཚང་མ་ཡང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་ཚང་མ་ནོར་སྲིད་ཀྱི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་བཅུག་ཡོད། གཞན་ཡང་བུ་བཅོལ་ཁང་དུ་ཡོད་མུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མ“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་བཅུག་པ་དང་། སྲིད་ཇུས་དེས་བུ་བཅོལ་ཁང་གི་བྱིས་པ་ཁྲི་12.43ལ་ཕན་པ་ཐོབ་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)