《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月18日

གངས་ལྗོངས་ས་མཐོའི་སྨན་པ་ཡག་པོ།

—— མཁའ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྐོར་བཀོད་པ།

སྔོན་ཆད་སྒོ་རའི་ནང་བ་གླང་གིས་ཁེངས་པ་དང་ལྕི་བ་གང་སར་མཐོང་རྒྱུ་ཡོད་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་མི་དམངས་སྨན་ཁང་དུ་ད་ཆ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྨན་བཅོས་ཁུལ་དང་། ཆ་ཚང་བའི་སྨན་བཅོས་སྒྲིག་ཆས། སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་སོགས་ཡོད་ལ། སྔོན་འགོག་དང་། སྨན་བཅོས། འཕྲོད་སྦྱོར། དྲག་སྐྱེད་སོགས་གཞི་གཅིག་ཏུ་འདུས་པའི“ཁ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་དང་པོར་གྱུར་ཡོད།

དགའ་འོས་པའི་འགྱུར་ལྡོག་དེ་དག་ནི“བཅིངས་འགྲོལ་དམག་མིས”རྒྱུན་མཐུད་རོགས་སྐྱོར་བྱས་པ་ལས་བྱུང་བ་ཞིག་སྟེ། 2010ལོ་ནས་བཟུང་། མཁའ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱིས་མི་ཐེངས་149ལས་གྲུབ་པའི་སྨན་བཅོས་རུ་ཁག་ཁག་20རྒྱུན་མཐུད་ངང་བཏང་ནས་མཛོ་སྒང་རྫོང་མི་དམངས་སྨན་ཁང་སྐྲུན་རོགས་བྱས་པ་རེད།

ཞིང་འབྲོག་མང་ཚོགས་ཀྱི་འགྲམ་དུ་བསྐྱོད་པ།

མཛོ་སྒང་རྫོང་ནི་བོད་ཤར་ལྷོའི་རི་མཐོ་གྲོག་རོང་ཁུལ་དུ་གནས་པ་དང་། རྫོང་གྲོང་ནས་ཐག་རིང་ཤོས་ཀྱི་གྲོང་ཚོ་བར་ལམ་ཐག་སྤྱི་ལེ་170ལྷག་ཙམ་ཡོད་པ་རེད།

“ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་དང་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་རྗེས་ལུས་ཡིན་པས། ནད་གཞི་ཕོག་སྐབས་སྡུག་རུས་བྱས་ནས་སྡོད་རྒྱུ་དེ་གོམས་གཤིས་སུ་གྱུར་ཡོད”ཅེས་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་མི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཝང་ཧྥེན་གྱིས་དྲན་གསོ་བྱེད་བཞིན་བརྗོད།

“འབྲོག་པ་ཚོ་སྨན་བཅོས་བྱེད་པར་མ་ཡོང་ན་ང་ཚོས་ཐད་ཀར་འཚོལ་བར་འགྲོ་གི་ཡོད”སྨན་བཅོས་རུ་ཁག་གི་རུ་མི་རྣམས་སྨན་ཁང་དུ་ལས་ཀ་མེད་པར་སྡོད་འདོད་གཏན་ནས་བྱེད་ཀྱི་མེད།

དེས་ན། ཆ་སྙོམས་ས་བབ་མཐོ་ཚད་སྨི་3750དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་4.6ཡིན་པའི་ས་མཐོར་སྨན་བཅོས་བྱེད་མཁན་དང་། སྨན་སྐྱེལ་མཁན། དབུལ་སྒྲོལ་སྲིད་ཇུས་དྲིལ་བསྒྲཌ་བྱེད་མཁན་བཅས་ཀྱི་སྨན་བཅོས་རུ་ཁག་ཅིག་ཡོད།

སྐོར་སྐྱོད་སྨན་བཅོས་བྱེད་པའི་ལམ་བུའི་ཐོག བལ་ཐོག་ཤང་ལུང་བཞི་གྲོང་ཚོའི་སྦྲུམ་མ་བཟང་མོ་རང་ཁྱིམ་གྱི་བ་ཚང་ནང་སྐྱེས་ཟླ་མ་ཤར་གོང་ནས་ཕྲུ་གུ་སྐྱེས་པ་དང་། བུད་མེད་དང་བུ་བཙའི་སྨན་ཁང་གི་སྨན་པ་ཚོའི་ལྟ་རྟོག་ཞིབ་ཚགས་ལས་མ་བུ་བདེ་ཐང་བྱུང་བ་དང་། བཀྲ་གཡུས་གྲོང་རྡལ་དབྲ་རྨི་གྲོང་ཚོའི་བསོད་ནམས་མཚོ་མོ་སྐྱ་འགྲིབ་ཕོག་ནས་ངལ་རྩོལ་ནུས་ཤུགས་ཤོར་བ་དང་ཕྱིས་སུ་གཤགས་བཅོས་བྱས་རྗེས་དགུང་སྔོན་སྤྲིན་དཀར་དང་ནོར་གནག་སླར་ཡང་མཐོང་ཐུབ་པ་བྱུང་བ། ཝ་མདའ་གྲོང་རྡལ་མང་ཆུང་གྲོང་ཚོའི་ལོ་80ལ་སླེབས་པའི་གཞིས་སྲུང་བགྲེས་སོང་སྒྲོལ་དཀར་ཆོས་མཚོར་དུས་བཀག་གི“བདེ་སྲུང་སྨན་པ”ཡོད་པ་སོགས་ཀྱི་འཕོ་འགྱུར་བྱུང་ཡོད།

“སྔོན་ཆད། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་ནི་གྲོང་ཚོའི་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་རེད། ད་ཆ་བཅིངས་འགྲོལ་དམག་མིས་སྨན་བཅོས་དང་སྨན་བསྐྱལ་བས། དུད་ཚང་མང་པོ་ཞིག་ལ་སླར་ཡང་ངལ་རྩོལ་ནུས་ཤུགས་ཡོད་པར་གྱུར་ནས་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད”ཝ་མདའ་གྲོང་རྡལ་མང་ཆུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཡེ་ཤེས་ཀྱིས“དེ་དག་ནི་ཏང་གིས་ང་ཚོར་སྨན་པ་ཡག་པོ་བཏང་གནང་བའི”བཀའ་དྲིན་ཡིན་ཞེས་བརྗོད།

ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག

“སྨན་བཅོས་རོགས་སྐྱོར་བྱེད་པར་གཞན་ལ་བརྟེན་དགོས་ལ་རང་ལའང་བརྟེན་དགོས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་ཐུག་ཡོད”ཅེས་སྨན་བཅོས་རུ་ཁག་ཁག་19པའི་རུ་དཔོན་ཝང་ཤང་རུང་གིས་སྨན་ཁང་གིས་ཚན་ཁག་དང་ཤེས་ལྡན་པ་འཛུགས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བརྗོད།

“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”ནི་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་སྨན་དོན་ཤེས་ལྡན་པ་འཁྲིད་པའི་བྱེད་ཐབས་གསར་པ་ཞིག་རེད། གཉིས་མོས་གདམ་གའི་གན་རྒྱ་བཞག་པ་དང་། སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཚད་བཟོས་པ་བརྒྱུད། སྨན་བཅོས་རུ་ཁག་གི་རུ་མི་དང་ས་གནས་དེ་གའི་སྨན་དོན་མི་སྣའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་སོང་ཡོད།

གཅིག་གཏད་གཅིག་གི“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”དང་། རྒྱང་ཁྲིད་སློབ་ཁྲིད་བྱེད་པ། ཕྱིར་ཟབ་སྦྱོང་ལ་མངགས་པ་བཅས་བྱས་པ་བརྒྱུད། མཁའ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱིས་ས་གནས་དེ་གའི་སྨན་ཁང་ལ་སྨན་དོན་རྐང་འཛིན་པ་40ལྷག་ཙམ་གསོ་སྐྱོང་བྱས་པ་དང་། མིག་ནད་ཚན་ཁག་དང་། པགས་ནད་ཚན་ཁག བྱིས་པའི་ཚན་ཁག་སོགས་འཕྲལ་མཁོ་ཆེ་བའི་ཚན་ཁག་10འཛུགས་རོགས་བྱས་ནས་སྨན་བཅོས་ལག་རྩལ་གསར་པ་ཁག་50ལྷག་ཙམ་ལག་བསྟར་བྱས་ཤིང་། ལྟེ་གནས་དེས་ད་དུང་སྔ་རྗེས་སུ་སྨན་བཅོས་སྒྲིག་ཆས་འབོར་ཆེན་ཞིག་ཞལ་འདེབས་བརྒྱབ་ཡོད།

2020ལོའི་ཟླ་5པར། མཛོ་སྒང་རྫོང་མི་དམངས་སྨན་ཁང་ལ་སྐར་མ་མཐོ་པོའི་ཐོག་ནས་དཔྱད་ཞིབ་ཐོབ་སྟེ་མཛོ་སྒང་མི་དམངས་ལ“ཁྱིམ་གྱི་སྒོ་རྩའི”“ཁ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་ཞིག་ཡོད་པ་རེད།

“བདེ་ཐང་རོགས་སྐྱོར་ལས་དོན་མུ་མཐུད་སྒྲུབ་དགོས”

ཉེ་དུས་ཀྱི་ལོ་འཁོར་བསྡོམས་རྩིས་ཤིག་ནང་། མཛོ་སྒང་རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་དོས་དྲག་ཁང་དུ་ནད་བསྟེན་མཁན་ནད་པ་མི་ཐེངས་ཁྲི་1.55ཟིན་པ་དང་། སྨན་ཁང་གི་སྨན་བཅོས་ཞབས་ཞུར་ནད་པ་བློ་ཡིད་ཚིམ་ཚད་95%ཟིན་ཡོད། “སྨན་བཅོས་རུ་ཁག་འདི་གར་སླེབས་པ་ནས་བཟུང་ང་ཚོའི་སྨན་བཅོས་དང་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་བྱུང”ཞེས་སྨན་ཁང་གི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཅན་གྱིས་བརྗོད།

སྨན་བཅོས་རུ་ཁག་གི་རུ་མིའི་ཁྲོད་ནས་འགའ་ཤས་རྒན་ཡོལ་ཞུ་བའི་ལོ་ཚད་ཟིན་ན་ཡང་སྔར་བཞིན་ས་མཐོར་སྨན་བཅོས་ལས་ལ་ཞུགས་པ་དང་། འགའ་ཤས་ལོ་10ཡི་ནང་བོད་ལ་ཐེངས་3ཡོང་མྱོང་བ། འགའ་ཤས་ས་བབ་མཐོ་བའི་རྐྱེན་གྱིས་ཚེ་གང་མིག་རབ་རིབ་ཏུ་གྱུར་པ་སོགས་ཡོད།

“ད་ཆ་མཛོ་སྒང་རྫོང་མི་དམངས་སྨན་ཁང་ནི་ཞིང་འབྲོག་པ་ནད་བསྟེན་ཐུབ་པ་དང་ནད་ཡག་པོ་བསྟེན་ཐུབ་པའི་འགན་ལེན་ཞིག་ཡིན་ལ། མཛོ་སྒང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་ཆེན་པོ་ཞིག་ཀྱང་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཁོང་ཞུའེ་ལན་གྱིས་བཤད།

“དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ནང་ཞུགས་ནས་གངས་ལྗོངས་ས་མཐོའི་ཞིང་འབྲོག་པར་རང་ནུས་ཀྱི་ཞབས་འདེགས་ཅུང་ཟད་ཞུ་ཐུབ་པ་ནི་བུ་ཕྲུག་དམག་གི་གཟི་བརྗིད་བླ་མེད་ཅིག་ཡིན། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཛུགས་སྐྱོང་ལ་ཚར་དུས་མེད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ང་ཚོས་སྔར་བས་བྱ་གཞག་དེར་ཧུར་ཐག་གཞོལ་རྒྱུ་ཡིན”ཞེས་སྨན་བཅོས་རུ་ཁག་ཁག་20པའི་རུ་དཔོན་ཁྲེང་ཕུང་གིས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་15ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)