《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ད་ལོ་བོད་ཀྱི་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐལ་བཟང་མེ་ཏོག་མི་རིགས་གོས་རྒྱན་ལས་སྣོན་ཕྱིར་ཚོང་ཀུང་སིར་འཇོ་མདའ་རྫོང་རྫི་སྒར་ཤང་ཐར་རྩེ་གྲོང་ཚོའི་གྲོང་མི་བཀྲ་ཤིས་རྒྱལ་མཚན་གྱིས་བོད་ཆས་བཟོ་བཞིན་ཡོད། བཀྲ་ཤིས་རྒྱལ་མཚན་གྱིས་བོད་ཆས་བཟོ་སྟངས་སྦྱངས་ནས་ལོ་2ལས་མ་སོང་ཡང་ཁོང་ནི་བྱང་ཆུབ་པའི་ལག་རྩལ་བཟོ་པ་ཞིག་ཡིན་པས་ད་ཆ་ཁོང་ལ་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཙམ་ཡོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ངོ་སྤྲོད་བྱས་དོན། ད་ལོ་མིག་སྔའི་བར། བོད་ཀྱི་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་45.4བྱུང་ཡོད།

གྲངས་གཞི་ལས་མངོན་པར། བོད་ཀྱི་ཞིང་འབྲོག་པས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་68.5%བཟུང་བ་དང་ཞིང་འབྲོག་པ་ཁྲི་240ཙམ་གྲོང་ཚོ་དང་གྲོང་ལྷན་5400ལྷག་ཙམ་ལ་ཁ་ཐོར་དུ་སྡོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཞིང་འབྲོག་པ་གཞོན་ནུ་དང་དར་མ་མི་ཉུང་བ་ཞིག་གིས་ཐོང་གཤོལ་དང་འུར་ཆ་བཞག་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་བསྐྱོད་དེ་ཐོན་ལས་བཟོ་པ་དང་ཞབས་ཞུའི་མི་སྣར་གྱུར་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། བོད་ཀྱིས་ལས་ཞུགས་དབུལ་སྐྱོར་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། བོད་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་སྔར་བས་ལས་ཞུགས་གང་ལེགས་ཐུབ་ནས་ཡོང་འབབ་དེ་བས་མང་བ་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་མང་ཚོགས་ཀྱི་འདོད་མོས་ལྟར་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱས་ཡོད།

སྒྲོལ་ལགས་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དཔེ་ལགས་གྲོང་ཚོའི་མི་ཡིན། ལོ་གཉིས་གོང་ལུང་ཁུག་གི་ལུང་ཤུར་ཆུང་ཆུང་ཞིག་ནས་རྫོང་གྲོང་འགྲམ་གྱི་གྲོང་གསར་དུ་སྤོས་པ་དང་། ད་ཆ་བུ་མོ་དང་མཉམ་དུ་སྨི་ངོས་གྲུ་50ལྷག་ཙམ་ཡོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་ཡོད། རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ལོ་46ལ་སླེབས་པའི་ཁོང་ལ་རྫོང་གྲོང་གི་ཐོན་ལས་གླིང་ནས་སྣམ་བུ་འཐག་པའི་ལས་ཀ་ཞིག་རག་པ་དེར་ལོ་གཅིག་ལ་ཡོང་འབབ་སྒོར་5000ལྷག་ཙམ་ཡོད། “ཞིང་ལས་བྲེལ་དུས་གྲོང་ཚོར་ལོག་ནས་ཞིང་ཁ་འདེབས་པ་དང་ཁོམ་པ་བྱུང་དུས་ཁྱིམ་དུ་སྣམ་བུ་འཐག་གི་ཡོད། དེའི་ཁར་སྲིད་གཞུང་གི་རོགས་སྐྱོར་བསྣན་ན་ད་ལྟ་ཁྱིམ་གྱི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་1.6ལས་བརྒལ་གྱི་འདུག འཚོ་བ་སྔོན་ཆད་ལས་བདེ་སྐྱིད་ལྡན་པ་དང་ཕུན་སུམ་ཚོགས་སུ་ཕྱིན་སོང”ཞེས་ཁོང་གིས་བཤད།

“མངགས་ཐོ་གཏན་འཁེལ་ཅན”གྱི་གསོ་སྦྱོང་དང“ལས་ཀའི་ཁྲོད་གསོ་སྦྱོང་བྱེད་པར”སྐུལ་འདེད་བཏང་སྟེ། བོད་ཀྱིས་ཁེ་ལས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་གསོ་སྦྱོང་གི་འདོད་བློ་དང་ཟུང་འབྲེལ་བྱས་ནས་ལོར་ཞིང་འབྲོག་པ་ཁྲི་10ཙམ་ལ་གསོ་སྦྱོང་བྱས་པ་རེད།

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་བྲག་པོ་ཤང་བྲག་པོ་གྲོང་ཚོའི་ལོ་45ལ་སླེབས་པའི་འབྲོག་པ་རྡོ་ཆུང་གིས་ལོ་འཁོར་མོར་ནོར་ལུག་གསོས་ནས་ནང་མི་6གི་ལྟོ་གོས་འཕེར་བ་བྱེད་ཀྱི་ཡོད། 2016ལོར་སྒེར་རྩེ་རྫོང་གིས་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་བཙུཌ་པ་དང་། རྡོ་ཆུང་གིས་རྩྭ་ར་མུའུ་ཁྲི་2ལྷག་ཙམ་དང་ནོར་ལུག་120མཉམ་ལས་ཁང་ལ་གཅིག་གྱུར་གཉེར་སྐྱོང་བྱ་རྒྱུར་སྤྲད་དེ་རྫོང་གྲོང་གི་དབུལ་སྐྱོར་གནས་སྤོ་བྱ་ཡུལ་དུ་སྤོས་པ་རེད།

“ལོ་མཇུག་ཏུ་ཁེ་སྤོགས་སྒོར་5000ལྷག་ཙམ་རག་གི་ཡོད་པས། གྲང་ངར་གྱི་ལྷགས་པ་དང་ཚ་གདུག་གི་ཉི་འོད་ཁྲོད་འགྲོ་དགོས་མེད” དེས་མི་ཚད་རྡོ་ཆུང་སྒེར་རྩེ་རྫོང་གིས་གཅིག་གྱུར་སྒྲིག་འཛུགས་བྱས་པའི་ལས་ཞུགས་གསོ་སྦྱོང་ལ་ཞུགས་ནས་རྫོང་གི་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་སུ་གདན་ཞུ་བྱས་པར་ཟླ་རེར་སྒོར་2500ལེན་རྒྱུ་ཡོད།

མང་ཚོགས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་ཆེད། བོད་ཀྱིས་ད་དུང་ངལ་ནུས་ཕྱིར་གཏོང་རྩ་འཛུགས་བརྒྱུད་ལས་ཞུགས་རྒྱ་ཆེར་བཏང་བ་དང་རྣམ་གྲངས་འཛུགས་སྐྲུན་བརྒྱུད་ལས་ཞུགས་བསྡུ་ལེན་བྱས་ཤིང་། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་དང་གྲོང་གསེབ་དར་རྒྱས་སོགས་རྨང་གཞིའི་སྒྲིག་བཀོད་འདུ་འགོད་ཆུང་གྲས་རིགས་རྒུད་གསབ་ལས་སྤྲོད་ཀྱི་རྣམ་པ་ལྟར་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ལ་ལག་བསྟར་བྱེད་འགན་འཁུར་རྒྱུར་སྤྲད་ཡོད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། བོད་ཀྱི་རིམ་ཁག་སྲིད་གཞུང་གི་མ་འཇོག་རྣམ་གྲངས་5949གཉེར་བར་ཞིང་འབྲོག་པ་ཁྲི་20.74བསྡུས་པ་རེད།