《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ཨ་ཀེན་ཐིན་དང་ཀྲུང་གོའི་ཁེ་ལས་དབར་ལྕགས་ལམ་མཉམ་ལས་ཀྱི་གྲོས་མཐུན་མང་པོ་བཞག་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཨ་ཀེན་ཐིན་འགྲིམ་འགྲུལ་པུའུ་དང་ལྕགས་ལམ་སྐྱེལ་འདྲེན་ཀུང་སིས་ཨ་ཀེན་ཐིན་གྱི་ཙུང་ཐུང་གི་ལས་ཤག་ཏུ་ཀྲུང་གོའི་ཁེ་ལས་3དང་ལྕགས་ལམ་མཉམ་ལས་གྲོས་མཐུན་4བཞག་པར་ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར་46.95ཟིན་ཡོད་པ་རེད།

དེ་ཉིན་བཞག་པའི་མཉམ་ལས་གྲོས་མཐུན་གྱི་ནང་དོན་གཙོ་བོའི་ནང་ལྕགས་ལམ་སྒྱུར་བཀོད་དང་འཁོར་སྒྲོམ་ཉོ་སྒྲུབ་སོགས་ཚུད་ཅིང་། འབྲེལ་ཡོད་ཀྲུང་གོའི་ཁེ་ལས་3ནི་ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་ཀྲུང་ཁྲེ་རྒྱལ་སྤྱིའི་ཚད་ཡོད་ཀུང་སི་བཅས་ཡིན་པ་རེད། ཨ་ཀེན་ཐིན་གྱི་ཙུང་ཐུང་ལས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ནང་གྲོས་མཐུན་དེས་ཨ་ཀེན་ཐིན་དུ་ལས་གནས་ཁྲི་2.8མཁོ་འདོན་བྱ་རྒྱུ་དང་ཞིང་ཆེན་13ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད་ཡོད།

ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སིས་གྲོས་མཐུན་བཞག་པའི་མཛད་སྒོའི་ཐོག་ཨ་ཀེན་ཐིན་གྱི་མངའ་ཁོངས་རྒྱ་ཆེ་བས་འཐུས་སྒོ་ཚང་བའི་ལྕགས་ལམ་མ་ལག་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཀེན་ཐིན་གྱི་ལྕགས་ལམ་མ་ལག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།

ཨ་ཀེན་ཐིན་གྱི་འགྲིམ་འགྲུལ་པུའི་པུའུ་ཀྲང་མཱ་ལི་ཨའོ·མའེ་ཨའོ་ཉི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ཕྱོགས་དང་བཞག་པའི་གྲོས་མཐུན་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན་ལ། ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱ་རྒྱུ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཨ་ཀེན་ཐིན་གྱི་ཟོག་འདྲེན་ལྕགས་ལམ་མ་ལག་ལེགས་སུའང་གཏོང་ཐུབ་པས་དེ་ནི་ཨ་ཀེན་ཐིན་གྱི་ལྕགས་ལམ་སྒྱུར་བཀོད་རིམ་སྤོར་གྱི་འགོ་འཛུགས་ས་ཡག་པོ་ཞིག་རེད་ཅེས་བརྗོད།

ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཙོའུ་ཤའོ་ལི་ཡིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་མུ་མཐུད་ཨ་ཀེན་ཐིན་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་མཉམ་ལས་ཀྱི་འདོད་མཐུན་རྣམས་གྲུབ་འབྲས་དངོས་སུ་གང་མགྱོགས་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)