《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ཕྱི་འབྲེལ་པུས་བསྟན་དོན།

རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འདོད་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་བརྟན་པོ་ཡོང་བར་རམ་འདེགས་བྱས་ཏེ། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འདོད་ཡོད་ཅེས་བརྗོད་པ་རེད།

ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གི་རྣམ་པའི་ཐོག་ནས་གནམ་གཤིས་བློ་སྟོབས་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། འབྲེལ་ཡོད་གནད་དོན་ལ་ལན་འདེབས་སྐབས། དབང་ཝུན་པིན་གྱིས། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་མང་དུ་འགྲོ་བ། གནམ་གཤིས་ཀྱི་འགྲན་སློང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བ་བཅས་ཀྱི་རྒྱབ་ལྗོངས་འོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསར་པའི་འོག་གི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་ཀྲུང་གོའི་ལྟ་བ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་བ་དང་། རིམས་ནད་རྗེས་སུ་ཇི་ལྟར་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ལྗང་མདོག་སླར་གསོ་ཡོང་བ་བྱ་རྒྱུའི་སྐོར་ལ་ལན་གཏིང་ཟབ་བསྐྱོན་པ། “མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་ལས་གཉིས་ཕན་གྱི་གནམ་གཤིས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་པ”དང་། “བློ་སྟོབས་ཆེར་སྐྱེད་ཀྱིས་རང་འགན་གཙང་སྒྲུབ་ཀྱི་གནམ་གཤིས་བཅོས་སྐྱོང་མ་ལག་གསར་པ་ཆགས་པ་བྱེད་དགོས་པ” “གདེང་ཚོད་ཆེ་རུ་བཏང་ནས་ལྗང་མདོག་སླར་གསོའི་གནམ་གཤིས་བཅོས་སྐྱོང་གི་བསམ་ཕྱོགས་གསར་པ་མཐའ་འཁྱོངས་བྱེད་དགོས་པ”བཅས་ཀྱི་གྲོས་འགོ་ཁག་གསུམ་བཏོན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཀྲུང་གོས་མཐུན་སྒྲིལ་ལ་སྣང་ཆེན་བྱེད་པ་དང་། མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། 《ཕ་རི་སིའི་གྲོས་ཆོད》ཁྱོན་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པའི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་མཚོན་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་བློ་རྒྱ་དང་འགན་འཁྲི་འཁུར་སེམས་མཚོན་གྱི་ཡོད། དེ་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་འགྲོ་བ་དང་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཐུབ་རྒྱུ་ཡིན་ཞེས་བརྗོད་པ་རེད།

དབང་ཝུན་པིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གསར་པ་ཁག་བཞི་ཁྱབ་བསྒྲགས་གནང་བའི་གྲས་སུ། 2030ལོར་སླེབས་སྐབས་ཀྲུང་གོའི་རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2005ལོ་ལས་65%ཡན་ཆག་པ་བྱ་རྒྱུ་དང་། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་རྒྱུས་ཐེངས་གཅིག་རང་བཞིན་གྱི་ནུས་རྒྱུ་ཟད་གྲོན་ནང་བཟུང་བའི་བསྡུར་གྲངས་25%ཡས་མས་ཟིན་པ་བྱ་རྒྱུ། ནགས་ཚལ་གསོག་ཚད་2005ལོ་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་60འཕར་བ་བྱ་རྒྱུ། རླུང་གློག་དང་ཉི་གློག་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་12ཡན་ཟིན་པ་བྱ་རྒྱུ་བཅས་ཚུད་ཡོད། དེ་ནི་ཟླ་9ཚེས་22ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་75པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་ཀྲུང་གོའི་ཐཱན་འབུད་ཚད་གཞི་མཐོ་ཤོས་ཀྱི་དམིགས་ཚད་དང་ཐཱན་དོ་སྙོམས་ཀྱི་བསམ་འདུན་ཁྱབ་བསྒྲགས་གནང་རྗེས་ཀྱི་གནམ་གཤིས་སྐོར་གྱི་སྲིད་ཇུས་གལ་ཆེན་ཞིག་སླར་ཡང་གསལ་སྟོན་གནང་བ་དང་། ཀྲུང་གོས་ཐཱན་འབུད་ཚད་གཞི་མཐོ་ཤོས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཞིབ་ཕྲའི་ལམ་ཐིག་ས་བཀྲ་བཀོད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་ཆོད་སེམས་བརྟན་པོ་དང་ཁ་དན་ཚིག་གནས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་བཅས་རེད། གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག རྒྱལ་ཁབ་20ལྷག་ཙམ་གྱིས་ཐཱན་དོ་སྙོམས་ཀྱི་དམིགས་ཚད་བཏོན་པ་དང་རྒྱལ་ཁབ་40ལྷག་ཙམ་གྱིས་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་རྒྱུའི་ཁས་ལེན་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་བརྟན་པོ་ཡོང་བར་རམ་འདེགས་བྱས་ཏེ། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འདོད་ཡོད་ཅེས་བརྗོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ལྷས་ཞུས)