《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月14日

མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ལས་རིགས་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཞིང་ཆེན་དམངས་སྲིད་ཐིང་གིས་མི་སྤྱི་ཐིང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིའི་དོ་དམ་བྱ་ཐབས》བཀྲམ་པའི་ནང་། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ལས་རིགས་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

《བྱ་ཐབས》ནང་། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིའི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ། སྲིད་གཞུང་དང་། སྤྱི་ཚོགས། མི་སྒེར་བཅས་ཀྱིས་ཁྲིམས་བཞིན་ཐོ་འགོད་བྱས་ནས་གཉེར་བའི་ཆེད་མངགས་དབང་པོ་སྐྱོན་ཅན་ལ་དམིགས་བསལ་ལྟ་སྐྱོང་དང་། གསོ་བཅོལ་ཞབས་ཞུ། འཚོ་བའི་ལྟ་རྟོག དྲག་སྐྱེད་ཞབས་ཞུ། རམ་འདེགས་རང་བཞིན་གྱི་ལས་ཞུགས་སོགས་འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱེད་པའི་སྒྲིག་གཞི་ཡིན་པ་རེད། དེའི་ནང་རྦད་དེ་གསོ་བཅོལ་དང་། ཉིན་བཅོལ། ཁྱིམ་སྐྱོད་ཞབས་ཞུ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མཁན་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་དང་། དབང་པོ་སྐྱོན་ཅན་ལ་ས་ཁུལ་དབྱེ་ནས་ལྟ་སྐྱོང་བྱེད་པའམ་ཡང་ན་གསོ་བཅོལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཕན་བདེའི་སྒྲིག་གཞི། དབང་པོ་སྐྱོན་ཅན་གྱི་སྨན་བཅོས་དྲག་སྐྱེད་སྒྲིག་གཞི། དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི། དབང་པོ་སྐྱོན་ཅན་གྱི་སྡེ་ཁུལ་དྲག་སྐྱེད་སྒྲིག་གཞི། དབང་པོ་སྐྱོན་ཅན་གྱི་རམ་འདེགས་རང་བཞིན་གྱི་ལས་ཞུགས་དང་ལས་རིགས་ཀྱི་དྲག་སྐྱེད་ཞབས་ཞུའི་སྒྲིག་གཞི་སོགས་ཚུད་ཡོད་པ་རེད།

《བྱ་ཐབས》ནང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་ཡོད་པ་སྟེ། དམངས་སྲིད་དང་། འཕྲོད་བསྟེན་བདེ་ཐང་། མི་སྤྱི་ཐིང་སོགས་འབྲེལ་ཡོད་སྡེ་ཚན་ནི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིའི་ལས་རིགས་ལ་དོ་དམ་བྱེད་མཁན་སྡེ་ཚན་ཡིན་པ་དང་། དེ་དག་གིས་རང་རང་གི་འགན་ནུས་ལ་གཞིགས་ནས་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་པའི་འགན་འཁུར་དགོས་པ་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་དེའི་ས་གནས་ཀྱི་རྩ་འཛུགས་ཀྱིས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡང་ན་སྲིད་གཞུང་གི་མངགས་བཅོལ་གཞིར་བཟུང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིར་ལྟ་སྐུལ་བྱེད་དགོས།

《བྱ་ཐབས》ནང་། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞི་ཁྲིམས་བཞིན་ཐོ་འགོད་བྱེད་པའི་དོན་གནད་ཁ་གསལ་བཟོས་ཡོད་པ་སྟེ། རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པའམ་ཡང་ན་རྩ་འཛུགས་གཞན་དག་གིས་གཞུང་ཁོངས་རྒྱུ་ནོར་བེད་སྤྱད་དེ་ཁེ་གཉེར་མིན་པའི་དབང་པོ་སྐྱོན་ཅན་ཞབས་ཞུའི་སྒྲིག་གཞི་གཉེར་རིགས་ལ《བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་གྱི་གནས་སྐབས་སྲོལ་ཡིག》སོགས་ཀྱི་བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་གཏན་འབེབས་ལ་གཞིགས་ནས་བྱ་གཞག་ཚན་པའི་ཐོ་འགོད(དོ་དམ)ལས་ཁུངས་སུ་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ་དང་། ཁེ་གཉེར་མིན་པའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞི《དམངས་གཉེར་ཁེ་ལས་མིན་པའི་ཚན་པའི་ཐོ་འགོད་དོ་དམ་གྱི་གནས་སྐབས་སྲོལ་ཡིག》སོགས་དམངས་གཉེར་གྱི་ཁེ་ལས་མིན་པའི་ཚན་པ( སྤྱི་ཚོགས་ཀྱི་ཞབས་ཞུའི་སྒྲིག་གཞི)ཐོ་འགོད་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་རིགས་དམངས་སྲིད་སྡེ་ཚན་དུ་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་མཁན་ཁེ་གཉེར་སྒྲིག་གཞིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་ཀྱི་གཏོགས་ཁོངས་དབང་ཆ་གཞིར་བཟུང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་དུ་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ་བཅས་རེད།

《བྱ་ཐབས》ནང་། ཞབས་ཞུའི་སྒྲིག་གཞིའི་ཞབས་ཞུའི་ནང་དོན་ཁ་གསལ་བཏོན་ཡོད་པ་སྟེ། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིས་ཐོ་འགོད་བྱས་པའི་ཞབས་ཞུའི་ཁྱབ་ཁོངས་གཞིར་བཟུང་། འཚོ་བའི་ལྟ་རྟོག་དང་། དྲག་སྐྱེད་ཞབས་ཞུ། རིག་གནས་རོལ་རྩེད། ནད་གཡོག རྩལ་ནུས་སྦྱོང་བརྡར། བདེ་འཇགས་འགོག་སྲུང་། ནང་མིར་མཛུབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུ་བ་དང་སྦྲགས། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིའི་ཞབས་ཞུའི་རྣམ་གྲངས་དང་རིན་བསྡུའི་ཚད་གཞི་དང་། ཞབས་ཞུའི་གྲོས་མཐུན། དྲག་སྐྱེད་ཞབས་ཞུ། སྨན་བཅོས་ཞབས་ཞུ། དྲག་སྐྱེད་རམ་འདེགས་ཡོ་ཆས་ཀྱི་ཞབས་ཞུ་སོགས་ཀྱི་གནད་དོན་རེ་རེ་བཞིན་ཁ་གསལ་གཏན་འཁེལ་བཟོས་པ་ཚུད་ཡོད་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)