《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月14日

དབྱང་ཡའོ་ཝུན་གྱིས་བོད་ལྗོངས་སྨར་ཁམས་སུ་གཞི་ཚུགས་ནས་ནད་པ་མང་པོར་སྨན་བཅོས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། བསམ་གཏན་དབང་མོས།

“ཁོང་ནི་ལག་རྩལ་བྱང་ཆུབ་ཅིང་སེམས་པ་བཟང་བའི་སྨན་པ་ཞིག་རེད”“ནོར་གནས་ཤང་ཡོངས་དང་ཐ་ན་ཉེ་འཁོར་གྱི་ཤང་དང་གྲོང་རྡལ་དུ་ཁོང་ངོ་མི་ཤེས་མཁན་གཅིག་ཀྱང་མེད”“ཁོང་ནི་ང་ཚོའི་གཉེན་ཉེ་ཡིན”སོགས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་གི་མང་ཚོགས་ཀྱིས་དབྱང་ཡའོ་ཝུན་གྱི་སྐོར་གླེང་རྒྱུ་མང་པོ་ཡོད།

ད་ལོ་ལོ་46ལ་སླེབས་པའི་དབྱང་ཡའོ་ཝུན་ཡུན་ནན་ཏ་ལི་ནས་ཡིན་པ་དང་པའེ་རིགས་ཡིན། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ལོ་3སྦྱངས་མྱོང་། སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་སྒོ་བསྟེན་སྨན་ཁང་ཞིག་བཙུགས་པ་རེད། དེ་དུས་ཁོང་གི་ཨ་ཁུ་ལྷ་སར་ལས་ཀ་བྱེད་ཀྱི་ཡོད་པས་སྐབས་རེ་ལྷ་སར་ཡོང་གི་ཡོད།

2002ལོའི་ཉིན་ཞིག་ལ་ལྷ་སར་ཡོད་པའི་དབྱང་ཡའོ་ཝུན་གྱིས་རྐང་འཁོར་བཞོན་ཏེ་ཕྱིར་སྐྱོད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་རྐང་འཁོར་གཏོང་ཤེས་མ་ཐག་པའི་མི་ཞིག་གིས་ཁོང་ལ་བརྡུངས། མི་དེ་ནི་སྐལ་བཟང་དབྱངས་ཅན་རེད། ཁོ་མོས་ལམ་སེང་དབྱང་ཡའོ་ཝུན་ལ་བོད་སྐད་ཐོག་ནས་དགོངས་པ་མ་འཚོམ་ཞེས་ཡང་ཡང་ཞུས། དེ་ནས་ཁོང་གཉིས་པོས་ཕན་ཚུན་གྱི་འབྲེལ་གཏུག་ས་ཆ་བཞག དེ་རྗེས་སྐད་རིགས་མི་གཅིག་པའི་ཁོང་གཉིས་པོ་ལས་དབང་གཅིག་ཏུ་འདྲེས།

2006ལོར་དབྱང་ཡའོ་ཝུན་དང་ཁོང་གི་ཆུང་མ་སྐལ་བཟང་དབྱངས་ཅན་གཉིས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་དུ་ལོག ནོར་གནས་ཤང་ནི་སྐལ་བཟང་དབྱངས་ཅན་གྱི་ཕ་ཡུལ་རེད། གསོ་རིག་ཤེས་པའི་དབྱང་ཡའོ་ཝུན་གྱིས་ནོར་གནས་ཤང་འཕྲོད་བསྟེན་ཁང་དུ་སྨན་པ་བྱས། ནོར་གནས་ཤང་གི་ལམ་ཡག་པོ་མེད་པས་མང་ཚོགས་ནད་ལྟ་བར་ཡོང་བར་སྟབས་བདེ་པོ་མེད། དེར་བརྟེན་དབྱང་ཡའོ་ཝུན་གྱིས་རང་འགུལ་ངང་རིམ་པ་དེ་བས་དམའ་བའི་ནོར་གནས་ཤང་འཕྲོད་བསྟེན་ཁང་ལ་ལས་སྒྱུར་བྱ་རྒྱུའི་རེ་བ་བཏོན།

“འཕྲོད་བསྟེན་ཁང་གི་འགྲམ་དུ་སློབ་ཁྲིད་ས་ཚིགས་ཤིག་ཡོད། དེ་གའི་མི་སེར་ཚོ་ནད་ལྟ་བར་ཡོང་སྐབས་ངས་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ལ་སྐད་སྒྱུར་བྱེད་རོགས་ཞུ་གི་ཡོད། དེ་ནས་སྨན་པ་ཞིག་གི་ངོས་ནས་བརྗོད་ན་རྩ་བ་ནི་ནད་པ་དང་སྤེལ་རེས་ཐུབ་པ་དེ་རེད་སྙམ་ནས་ཆུང་མ་དང་ལས་རོགས་ཚོའི་ས་ནས་བོད་སྐད་སྦྱངས་པ་ཡིན། ལོ་ཕྱེད་སོང་རྗེས་བོད་སྐད་རགས་ཙམ་ཤོད་ཤེས་སོང”ཞེས་དབྱང་ཡའོ་ཝུན་གྱིས་བརྗོད།

ནོར་གནས་ཤང་དུ་གལ་སྲིད་དབྱང་ཡའོ་ཝུན་འཚོལ་མཁན་ཡིན་ཞེས་ཟེར་ན་ཁོང་རྙེད་ཐབས་བྲལ། གལ་སྲིད་སྨན་པ་བཀྲ་ཤིས་འཚོལ་མཁན་ཡིན་ཞེས་ཟེར་ན་ལམ་སེང་རྙེད་ཐུབ། གང་ཡིན་ཟེར་ན། བཀྲ་ཤིས་ཞེས་པའི་མིང་དེ་གྲོང་མིས་དབྱང་ཡའོ་ཝུན་ལ་བཏགས་པའི་བོད་རིགས་ཀྱི་མིང་རེད། ཁོང་གིས་ཀྱང་མིང་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

ནོར་གནས་ཤང་གི་ཆ་རྐྱེན་ཞན་པས་ནད་པ་ཁག་གཅིག་ལམ་བར་གྱི་ངལ་དུབ་བཟོད་ཐུབ་ཀྱི་མེད། སྐབས་རེ་ཁོང་གིས་སྨན་ཁུག་འཁུར་ནས་ནད་གཞི་ལྕི་བའི་ནད་པའི་ཁྱིམ་དུ་ནད་ལྟ་བར་འགྲོ་གི་ཡོད། དེ་ལྟར་ཉིན་གཅིག་ལ་མང་ཤོས་ཐེངས་ལྔ་ཙམ་འགྲོ་གི་ཡོད། སྐབས་རེ་ཟླ་གཅིག་ནས་ཉིན་25ནད་པའི་ཁྱིམ་དུ་བསྐྱོད་པར་ཟད་ཀྱི་ཡོད།

“ནད་པར་ནད་ལྟ་ཆེད་སྐབས་རེ་ཁ་ལག་ཀྱང་ཟ་ཁོམ་མེད། སྐབས་རེ་ཡུལ་གཞན་དུ་ནད་ལྟ་བར་སོང་ནས་རྨས་སྐྱོན་ཕོག་ཀྱང་ངས་སེམས་ཁྲལ་བྱེད་ཀྱི་རེད་བསམ་ནས་སྡུག་རུས་བྱེད་ཀྱི་ཡོད། གནས་ཚུལ་དེ་དག་ཡིད་ལ་འཁོར་དུས་གཅིག་ནས་ང་རང་ཡིད་སྐྱོ་གི་འདུག གཉིས་ནས་ཁོང་གི་ལས་ཀ་ནི་བླ་ན་མེད་པ་ཞིག་རེད་སྙམ་གྱི་འདུག དེར་བརྟེན་ངས་ཁོང་ལ་འཁང་ར་སྤུ་ཙམ་ཡང་བྱེད་ཀྱི་མེད”ཅེས་སྐལ་བཟང་དབྱངས་ཅན་གྱིས་མིག་ལ་མཆི་ཞག་འཁོར་བཞིན་དུ་དེ་ལྟར་བརྗོད།

དང་ཐོག་བོད་སྐད་ཚིག་གཅིག་ཀྱང་མ་གོ་བ་ནས་ས་གནས་དེ་གའི་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་པའི་བར་དང་། རྩམ་པ་ཟ་བ་དང་ཇ་བསྲུབས་མ་འཐུང་བའི་བར། དུས་ཀྱི་འཕོ་འགྱུར་འོག་དབྱང་ཡའོ་ཝུན་རིམ་བཞིན་ནོར་གནས་བ་གཙང་གཙང་ཞིག་ཏུ་གྱུར་ཡོད། ནོར་གནས་ཤང་དུ་སྡོད་པའི་ལོ་བཅུ་ཕྲག་རིང་ཁོང་ལ་དེ་ནས་ཁ་བྲལ་ཏེ་ས་བབ་དེ་བས་དམའ་བའི་རྫོང་སྨན་ཁང་དང་ནང་སའི་སྒོ་བསྟེན་སྨན་ཁང་དུ་ལས་ཀ་བྱེད་པའི་གོ་སྐབས་མང་པོ་རག་ཀྱང་ཚང་མ་ཁོང་གིས་བློས་གཏོང་བྱས་ཡོད། གང་ཡིན་ཟེར་ན། དབྱང་ཡའོ་ཝུན་གྱིས་གཞུང་དྲང་ཞིང་སེམས་བཟང་བའི་ནོར་གནས་བ་དང་ཁ་བྲལ་འདོད་མེད་པས་རེད།

དབྱང་ཡའོ་ཝུན་གྱིས་དཀའ་བ་གྲངས་མེད་སྤྱད་མཐར་འབྲས་བུ་སྨིན་ཡོད། གྲོང་མི་ཚོས་སྔ་ས་ནས་ཁོང་ནང་མི་ལྟ་བུར་བརྩི་གི་ཡོད། སེར་ཤ་བཀོག་པའི་དུས་སུ་གྲོང་མིས་དབྱང་ཡའོ་ཝུན་ལ་སེར་ཤ་སྐྱེལ་བར་ཡོང་གི་ཡོད། ཁོང་གི་སྦག་སྦག་ལ་སྐྱོན་ཤོར་ནས་ལམ་བར་དུ་ལུས་པའི་སྐབས་སུ་གྲོང་མིས་ལམ་སེང་ཁོང་ལ་བཟོ་རོགས་བྱེད་ཀྱི་ཡོད། ཤང་འཕྲོད་བསྟེན་ཁང་དུ་སྨན་གསར་པ་འབྱོར་བའི་སྐབས་སུ་གྲོང་མིས་རང་འགུལ་ངང་དབོར་རོགས་བྱེད་པར་ཡོང་གི་ཡོད།

སྨན་པ་བྱས་པའི་ལོ་དེ་དག་རིང་དབྱང་ཡའོ་ཝུན་ལ་སྔ་རྗེས་སུ“ཕུལ་བྱུང་གི་གུང་ཁྲན་ཏང་ཡོན”དང་། “མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མི་སྒེར” “མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང” “གྲོང་གསེབ་ཀྱི་སྨན་པ་ཡག་ཤོས”“སྔོན་ཐོན་གཉིས་ལྡན་དུད་སྦྲེལ” “སྔོན་ཐོན་མི་སྒེར”སོགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་ཡོད།

“ནོར་གནས་ཤང་དུ་ཡོང་བར་ང་འགྱོད་པ་སྐྱེས་མྱོང་མེད། ཕྱིས་སུ་མུ་མཐུད་དེ་གར་བསྡད་དེ་ནད་པ་དེ་བས་མང་བར་སྨན་བཅོས་བྱེད་འདོད་ཡོད”ཅེས་དབྱང་ཡའོ་ཝུན་གྱིས་བློ་རྩ་བརྟན་པོས་དེ་ལྟར་བརྗོད་བྱུང་།

མུན་པ་རུབ་སོང་ཡང་ནོར་གནས་ཤང་འཕྲོད་བསྟེན་ཁང་གི་སྒོ་སྔར་བཞིན་ཕྱེ་ཡོད། སྨན་པ་བཀྲ་ཤིས་ཀྱིས་གློག་བསགས་པའི་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལ་བརྟག་དཔྱད་བྱས་པ་དང་། དེ་ནས་ཁ་པར་གྱི་སྒྲ་ཤུགས་ཆེ་ཤོས་སུ་མནན་ནས་ཉལ་ཁྲིའི་འགྲམ་དུ་བཞག་སོང་། ངས་བལྟས་ན་དོས་དྲག་གི་རོགས་སྐྱོབ་ཁ་པར་དུས་ཐོག་ཏུ་ལེན་ཐབས་མ་བྱས་ན་ཁོང་བློ་བདེ་པོས་གཉིད་ཁུག་གི་མེད་པ་ཡིན་ཤས་ཆེ།

(ལྷ་དབང་ཚེ་འཕེལ་གྱིས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)