《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月14日

ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་པ།

མི་ཐེངས་དུང་ཕྱུར་4ལ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱས་པ་ དང་ཞིང་པ་ཁྲི་3000ལྷག་ཙམ་ལ་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་12ཉིན་ནི་ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་བཙུགས་ནས་ལོ་40འཁོར་བའི་ཉིན་མོ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་སློབ་གྲྭ་མཉམ་འབྲེལ་ཐོག་འཛུགས་མཁན་སྡེ་ཚན་དང་ཚན་པ་17གྱི་འབྲེལ་ཡོད་འགན་འཁུར་བས་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། དགེ་རྒན་ཁྲི་10ཡི་དམིགས་བསལ་སློབ་གྲྭ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་ལོ་40ཡི་རིང་སློབ་གྲྭར་བྱུང་བའི་འགྱུར་ལྡོག་ལ་རྟེན་འབྲེལ་ཞུས་པ་རེད།

མིག་སྔར། ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་དེ་ཞིང་པར་སློབ་གསོ་གསོ་སྦྱོང་བྱེད་པའི་སྟོབས་ཤུགས་གཙོ་བོ་དང་། “ཞིང་གསུམ”སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན། ཞིང་པར་ཞབས་འདེགས་ཞུ་བའི་ཐབས་ལམ་ནུས་ལྡན་བཅས་སུ་འཕེལ་རྒྱས་བྱུང་ནས་བྱང་ཚད་མཐོ་བའི་ཞིང་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། སྤྱོད་གོ་ཆོད་པའི་སྔོན་ཐོན་ལག་རྩལ་འབོར་ཆེན་ཁྱབ་གདལ་བཏང་ཡོད།

ལོ་40ཡི་རིང་། ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་སློབ་གསོ་གསོ་སྦྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། བྱེད་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ། བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཅས་ཕྱིན་ཡོད། གཞན་ཡང་རིམ་རྩིས་བྱས་ན་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ཆུ་ཚོད་ཁྲི་3ལྷག་ཙམ་སྒྲིག་བཟོ་བྱས་ནས་བཏང་བ་དང་། མི་ཐེངས་དུང་ཕྱུར་4ལ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱས་པ། འབྲིང་རིམ་ཆེད་ལས་ཡན་གྱི་སློབ་རྒྱུས་ལྡན་པའི་ཞིང་པ་ཁྲི་600ལྷག་ཙམ་གསོ་སྐྱོང་བྱས་པ། ཞིང་པ་ཁྲི་3000ལྷག་ཙམ་ལ་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་བཅས་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འདི་ལོའི་རིམས་ནད་རིང་། ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭས་སྤྲིན་ཚོམ་རིག་ནུས་ཞིང་ལས་བརྒྱུད་སྤེལ་བྱས་ནས་མི་ཐེངས་ཁྲི་2000ལྷག་ཙམ་ལ་ལག་རྩལ་གསོ་སྦྱོང་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་རྒྱལ་གྱིས་རིམ་རྩིས་བྱས་ན་བྱང་ཚད་མཐོ་བའི་ཞིང་པ་ཁྲི་500གསོ་སྐྱོང་བྱས་པ་དང་། གྲོང་གསེབ་ཀྱི་གོ་ཆོད་པའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་པ་ཁྲི་11ལ་ཐད་ཀར་གསོ་སྦྱོང་བྱས་པ། ཞིང་འབྲེལ་མཐོ་རིམ་ལས་རིགས་སློབ་གསོ་ཐོག་མར་ཞིང་པར་ཕྱོགས་ནས་མི་ཁྲི་3.5བསྡུ་རྒྱ་ཆེ་རུ་བཏང་བ་བཅས་ལས་རྒྱལ་ཡོངས་ཀྱི་ཞིང་པའི་སློབ་གསོ་སྤྱི་ཡོངས་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། མིག་སྔའི་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གོ་ཆོད་པའི་ཤེས་ལྡན་མི་སྣ་བསྡོམས་འབོར་ཁྲི་2254ལྷག་ཙམ་ཟིན་པའི་ནང་བྱང་ཚད་མཐོ་བའི་ཞིང་པ་ཁྲི་1700ཟིན་ཡོད་པ་རེད།