《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月06日

འབྲི་ཆུའི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་མཚམས་འཇོག་པའི་ལས་འགན་ལེགས་གྲུབ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། དུས་སང་ཟླ་1ཚེས་1ཉིན་ནས་བཟུང་འབྲི་ཆུའི་གཞུང་ཆུ་ཨ་མ་དང་། ཆུ་ཕྲན། གཙང་པོར་འབྲེལ་མཐུད་ཐུབ་པའི་མཚེའུ་ཆེ་གྲས་སོགས་ཆུ་ཁོངས་གཙོ་བོར་དུས་ཡུན་ལོ་10ཡི་རྒྱུན་གཏན་གྱི་ཉ་འཛིན་པའི་བྱ་སྤྱོད་བཀག་སྡོམ་བྱ་རྒྱུ་རེད། གསར་འགོད་པར་ཉེ་ཆར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་92ཚང་མ་གཤམ་སྤྲོད་བྱས་པ་དང་ས་ཁུལ་ཁག་གིས་ལེ་ལག་ཚང་སྒྲིག་གི་མ་དངུལ་སྒོར་དུང་ཕྱུར་107.26དོན་འཁྱོལ་བྱས་ཡོད། ཟླ་11ཚེས་27ཉིན་བར་ཆུ་ཁོངས་གཙོ་བོ་ཚང་མར་ཉ་འཛིན་མཚམས་འཇོག་པའི་ལས་འགན་ལེགས་གྲུབ་ཟིན་པ་དང་ཉ་འཛིན་མཚམས་བཞག་པའི་ཉ་པར་སྤྱི་ཚོགས་འགན་བཅོལ་དོན་འཁྱོལ་དང་ལས་ཞུགས་ཐུབ་ཚད་99.83%དང་98.35%སོ་སོར་ཟིན་ཡོད་པ་རེད།

མིག་སྔར་ལོ་10ཉ་མི་བཟུང་བའི་བྱ་སྤྱོད་དངོས་སུ་ལག་བསྟར་བྱས་ནས་ཟླ་བ་གཅིག་ཀྱང་སོང་མེད། ཞིང་ལས་དང་གྲོང་གསེབ་པུའི་ཉ་ལས་དང་ཉ་ལས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ས་གནས་ཁག་ལ་ཟླ་12ཚེས་1ཉིན་ནས་བཟུང་ཁྲིམས་འགལ་ངང་ཉ་འཛིན་པའི་མངོན་མེད་རྐྱེན་ངན་ལ་རང་བཤེར་རང་བཅོས་དང་འཕྲལ་བཤེར་འཕྲལ་བཅོས་བྱ་རྒྱུའི་སྐུལ་འདེད་བཏང་ནས་སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཟླ་12ཚེས་15ཉིན་ནས་བཟུང་། ཉ་འཛིན་མཚམས་བཞག་པའི་ཆུ་ཁོངས་སུ་ལེབ་བཤེར་རྣམ་པའི་གྲལ་བཤེར་ཆེན་པོ་བྱས་ཏེ“གྲུ་གཟིངས་དང་། དྲ་བ། གཙང་པོ། མཚེའུ་བཅས་ལ་གཙང་བཤེར”གྱིས“ཉ་འཛིན་གྲུ་གཟིངས་མེད་པ་དང་། ཉ་འཛིན་ཡོ་བྱད་མེད་པ། ཉ་པ་མེད་པ། ཉ་ལས་ཐོན་སྐྱེད་མེད་པ”བཅས་བྱ་རྒྱུ་དང་ཆབས་ཅིག ཉ་པ་བཀོད་སྒྲིག་ལ་ཤུགས་སྣོན་དང་ལས་ཞུགས་རྗེས་སྙེག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།