《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月06日

གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་ལ་རྒྱང་ཚོར་ལྟ་དཔྱད་ཀྱི་སྙན་ཞུ་ཡོངས་བསྒྲགས་བྱས་པ།

དུས་རབས་འདི་ཚུན་དུ་ལྷོ་སྣེའི་འཁྱགས་ངོས་བཞུར་ཚད་མངོན་གསལ་དོད་དུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚན་རྩལ་པུས《གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་རྒྱང་ཚོར་ལྟ་དཔྱད་ཀྱི་2020ལོ་འཁོར་གྱི་སྙན་ཞུ》ཡོངས་བསྒྲགས་བྱས་ནས“ལྷོ་སྣེའི་འཁྱགས་ངོས་ཀྱི་འགྱུར་ལྡོག”དང་། “གོ་ལ་ཧྲིལ་པོའི་འབྲུ་སྣུམ་སྐྱེ་དངོས་འབོར་ཆེན་ཐོན་སྐྱེད་དང་འབྲུ་རིགས་བདེ་འཇགས་ཀྱི་དུས་བབ” “གོ་ལ་ཧྲིལ་པོའི་གྲོང་ཁྱེར་རྒྱ་སྐྱེད་དང་ས་ཞིང་ཁྱབ་ཚུལ་གྱི་འགྱུར་ལྡོག”བཅས་ཞིབ་འཇུག་བྱ་གཞི་ཁག་གསུམ་གྱི་ཐད་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་ལ་རྒྱང་ཚོར་ལྟ་དཔྱད་དང་དབྱེ་ཞིབ་བྱས་པ་རེད།

“ལྷོ་སྣེའི་འཁྱགས་ངོས་འགྱུར་ལྡོག”གི་ཆེད་དོན་སྙན་ཞུའི་ནང་། དུས་རབས་འདི་ཚུན་དུ་ལྷོ་སྣེའི་འཁྱགས་ངོས་བཞུར་ཚད་མངོན་གསལ་དོད་དུ་ཕྱིན་ནས་བཞུར་ཚད་རྒྱ་ཁྱོན་གྱིས་ལྷོ་སྣེའི་འཁྱགས་ངོས་སྤྱི་ཡོངས་རྒྱ་ཁྱོན་གྱི་19%བཟུང་བ་དང་། ལྷོ་སྣེའི་ཕྱེད་གླིང་གི་འཁྱགས་པ་བཞུར་ཚད་མགྱོགས་ཤོས་ཡིན་པ་མ་ཟད། དགུན་དུས་སུ་ཚ་རླུང་གི་གནམ་ངན་བསྟན་མང་དུ་སོང་བ་དང་རྒྱུན་ལྡན་མིན་པའི་འཁོར་རྒྱུག་གི་སྣང་ཚུལ་ལས་འཁྱགས་པ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད། “གོ་ལ་ཧྲིལ་པོའི་འབྲུ་སྣུམ་སྐྱེ་དངོས་འབོར་ཆེན་ཐོན་སྐྱེད་དང་འབྲུ་རིགས་བདེ་འཇགས་ཀྱི་དུས་བབ”ཀྱི་ཆེད་དོན་སྙན་ཞུའི་ནང་། 2019ལོ་དང་2020ལོ་བར་འབྲུ་སྣུམ་སྐྱེ་དངོས་འབོར་ཆེན་ཐོན་སྐྱེད་ཀྱི་དུས་བབ་སྤྱིར་བཟང་པོ་ཡོད། འོན་ཀྱང་2020ལོར་ས་ཁོངས་རང་བཞིན་གྱི་གནམ་གཤིས་ངན་པ་དང་ཞིང་ལས་ལ་གནོད་འཚེ་མང་པོ་ཕོག་པའི་དབང་གིས་གོ་ལ་ཧྲིལ་པོའི་འབྲུ་སྣུམ་སྐྱེ་དངོས་ཐོན་འབོར་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པའི་ངོས་འཛིན་བྱས་ཡོད། “གོ་ལ་ཧྲིལ་པོའི་གྲོང་ཁྱེར་རྒྱ་སྐྱེད་དང་ས་ཞིང་ཁྱབ་ཚུལ་གྱི་འགྱུར་ལྡོག”གི་ཆེད་དོན་སྙན་ཞུའི་ནང་། དུས་རབས་འདི་ཚུན་དུ་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་རྒྱ་ཁྱོན་རྒྱུན་མཐུད་རྒྱ་ཆེར་ཕྱིན་པ་མ་ཟད་མགྱོགས་མྱུར་རྒྱ་ཆེར་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད་ཅེས་འཁོད་ཡོད།