《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月03日

བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ་60ཡི་རིང་ལོ་རེར་ཆ་སྙོམས་མང་ཚོགས་ལ་འཁྲབ་སྟོན་ཐེངས་བརྒྱ་ལྷག་ཙམ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ངོ་60ཡི་རིང་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་དང་གོམ་སྟབས་གཅིག་མཚུངས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀུན་སྤྱོད་ཤེས་དཔལ་གྱིས་དར་སྲོལ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་དུས་རབས་གསར་པ་རྩོམ་པ་དང་དུས་རབས་གསར་པར་བསྟོད་གླུ་ལེན་པའི་འགན་འཁྲི་ཕྲག་ཏུ་འཁུར་བས་བྱ་གཞག་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

བོད་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ་60ཡི་རིང་ལྗོངས་ལྷ་མོ་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དང་། ཀྲུང་གོའི་སྒྱུ་རྩལ་དུས་ཆེན། ཀྲུང་གོའི་ཟློས་གར་དུས་ཆེན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ། རྒྱལ་ཡོངས་ཀྱི་ས་གནས་ཟློས་གར་གྱི་ཕུལ་བྱུང་ལེ་ཚན་སྐོང་འཁྲབ་སོགས་རྒྱལ་ཁབ་ཕྱི་ནང་གི་འཚམས་འདྲིའི་བྱེད་སྒོ་གལ་ཆེན་དང་འགྲན་བསྡུར་སྐོང་འཁྲབ་ལ་ཞུགས་པ་མ་ཟད། རྒྱལ་ཁབ་རིམ་པའི་གཙོ་གནད་བྱ་དགའ་50ལྷག་ཙམ་ཐོབ་ཡོད། 2014ལོར་རིག་གནས་པུས་རྒྱལ་ཡོངས་ཀྱི་གཙོ་གནད་གསར་རྩོམ་འཁྲབ་སྟོན་ཚོགས་པ་39ཡི་གྲས་ཤིག་ཏུ་བདམས་ཏེ་སྔ་རྗེས་སུ་རི་པིན་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་འཁྲབ་སྟོན་བྱེད་པར་བསྐྱོད་པས་དགའ་བསུ་ཚད་མེད་ཐོབ་པ་དང་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་སྟེ་རྒྱལ་ཁབ་དང་མི་རིགས་ལ་གཟི་བརྗིད་བསྣན་ཡོད།

བོད་ལྗོངས་ལྷ་མོ་ཚོགས་པས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་འཁྲབ་སྟོན་བྱ་རྒྱུ་དེ་འགན་འཁྲི་གཙོ་བོར་བརྩིས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་འཁྲབ་སྟོན་བྱས་ནས་གཞི་རིམ་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་དོད་དུ་བཏང་ཡོད། ལྷ་མོ་འཁྲབ་མཁན་མི་རབས་མང་པོས་ས་གཞི་ཆེ་མོའི་གར་སྟེགས་ཐོག་ལོ་རེར་ཆ་སྙོམས་ཞིང་འབྲོག་པ་དང་མི་རིགས་ཁག་གི་མང་ཚོགས་ལ་འཁྲབ་སྟོན་ཐེངས་120ལྷག་ཙམ་བྱས་པ་དང་། ལོ་རེར་ཆ་སྙོམས་གཤམ་སྐྱོད་སྤྱི་ལེ་4000ལྷག་ཙམ་བྱས་པ། ལོ་རེར་ཆ་སྙོམས་ལྟད་མོ་ལྟ་མཁན་བསྡོམས་མི་ཐེངས་ཁྲི་20ལྷག་ཙམ་ཟིན་ཡོད་པ་རེད།