《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

གློག་བརྙན《ང་ཡི་ཧི་མ་ལ་ཡ》ལ་མ་གནས་འབྲིང་ཆུང་གི་གཏམ་རྒྱུད་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཟླ་11ཚེས་28ཉིན་གྱི་དགོང་མོར། 2020ལོའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་33པ་སྤྲོད་པའི་མཛད་སྒོ་ཞ་མོན་དུ་འཚོགས་ཤིང་། བྱ་དགའ་ཁག་19རིམ་པས་ཁྱབ་བསྒྲགས་བྱས་པ་རེད། རང་ལྗོངས་ཀྱི“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་དང་ཕའི་མི་རབས་གཉིས་ཀྱིས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་སྐོར་གླེང་བའི་གློག་བརྙན《ང་ཡི་ཧི་མ་ལ་ཡ》ལ་མ་གནས་འབྲིང་ཆུང་གི་གཏམ་རྒྱུད་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

བྱ་དགའ་སྤྲོད་པའི་མཛད་སྒོར་དཔྱད་འདེམས་ཨུ་ལྷན་གྱིས“གློག་བརྙན《ང་ཡི་ཧི་མ་ལ་ཡ》ཡི་ནང་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་དང་ཕའི་མི་རབས་གཉིས་ཀྱིས་སྐྱེ་བོ་སྤྱིར་བཏང་བས་བཟོད་ཐབས་བྲལ་བའི་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་འོག ལོ་བཅུ་ཕྲག་ཉིན་གཅིག་ལྟར་མཐའ་མཚམས་བརྟན་སྲུང་གི་རྒྱལ་གཅེས་བྱས་རྗེས་དང་། ཕ་དང་བུ་མོའི་དབར་ལྟ་ཚུལ་མི་འདྲ་བ་བྱུང་ལུགས། བུ་མོས་ཕུགས་བསམ་དང་བརྩེ་དུང་དོན་གཉེར་བྱེད་ལུགས། དེ་བཞིན་ཁོ་ཚོ་འཚོ་གནས་བྱེད་སའི་ཧི་མ་ལ་ཡའི་ནགས་ཁུལ་གྱི་བརྗིད་ཆགས་ཡིད་འོང་གི་མཛེས་ལྗོངས་དང་གྲོག་རོང་བཅས་ནས་མི་སྣ་གཙོ་བོའི་བླ་ན་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་མངོན་ཡོད། གློག་བརྙན་ནང་གི་གཟུགས་བརྙན་བརྗིད་ཆགས་ལ་བརྩེ་དུང་ཟབ་པས་མི་སེམས་འགུལ་བ་ཞིག་འདུག དེར་བརྟེན་གློག་བརྙན་འདིར་མ་གནས་འབྲིང་ཆུང་གི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་སྤྲོད་ཀྱི་ཡིན”ཞེས་དཔྱད་གཏམ་སྤེལ་ཡོད།

“བྱ་དགའ་འདི་གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་ཡུལ་སྨད་མི་གསུམ་ཤང་གི་ཕ་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་འདྲ་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དར་རྒྱས་དང་བདེ་འཇགས་ལ་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་འབད་འཐབ་པ་ཚོར་ཡང་སྤྲོད་ཀྱི་ཡིན”ཞེས་གློག་བརྙན་འཕྲིན་ལམ་གློག་བརྙན་གསར་རྩོམ་པུའི་ཀྲུའུ་རེན་ཐང་ཁོའོ་ཡིས་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་སྐབས་དེ་ལྟར་བཤད།