《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

དཔལ་འབྱོར་འཕར་ཚད་ཀྲུང་གོའི་ཨང་དང་པོར་སླེབས་པ།

བོད་ཀྱིས་རྗེས་སྙེག་གོམ་སྟབས་མྱུར་པོ་སྤོས་པ།

ཉེ་དུས་ཀྲུང་གོའི་ཞིང་ཆེན་ཁག་གིས་སྔ་རྗེས་སུ་དུས་ཚིགས་གསུམ་པའི་དཔལ་འབྱོར་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཀུན་གྱི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བཟོས་པའི་དམིགས་བསལ་གྱི་ལོ་ཟླ་འདིར། དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1308.3ཟིན་ཏེ་དུས་མཚུངས་ལས་6.3%འཕར་ནས་ཞིང་ཆེན་31གི་ཨང་དང་པོར་སླེབས་ཡོད།

དེ་ནི་བོད་ལྗོངས་དུས་ཚིགས་གསུམ་བསྟུད་མར་ཀྲུང་གོའི་ས་གནས་དཔལ་འབྱོར་འཕར་ཚད་ཀྱི་ཨང་དང་པོར་སླེབས་པ་ཞིག་རེད། འདི་ལོའི་དུས་ཚིགས་དང་པོར་བོད་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་1.0%འཕར་བ་དང་དྲང་འཕར་བྱུང་བའི་ཞིང་ཆེན་གཅིག་པུ་དེ་རེད། ལོ་སྟོད་དུ་བོད་ཀྱི་GDPདུས་མཚུངས་ལས་5.1%འཕར་ནས་དྲང་འཕར་བྱུང་བའི་ཞིང་ཆེན་16ཁྲོད་ཀྱི་མྱུར་ཚད་མགྱོགས་ཤོས་དེ་རེད།

བོད་ནི་ས་བབ་མཐོ་ཞིང་གསོ་རླུང་དཀོན་པའི་ས་ཆ་ཞིག་རེད། འོན་ཀྱང་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་69སོང་རིང་། རང་བྱུང་ཆ་རྐྱེན་ཞན་པའི་ས་མཐོའི་ཞིང་ཆེན་དེས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་རྒྱུན་མཐུད་རྒྱབ་སྐྱོར་དང་རོགས་རམ་འོག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནས་ལས་བསྒྲལ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བཟོས་པའི་དམིགས་བསལ་གྱི་ལོ་ཟླར་བོད་ཀྱི་བུ་ཕྲུག་ཁྲི་ཚོ་350ལྷག་ཙམ་གྱིས་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་རྗེས་སྙེག་གོམ་སྟབས་མགྱོགས་སུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱི་ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ། མཐོ་གསར་གྲངས་འཛིན་སོགས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་པའི་ནང་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་37%འཕར་བ་དང་། སྨན་རྫས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་36.6%འཕར་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་པ་དང་། ཤུགས་རྐྱེན་ཕོག་ཤུགས་ཅུང་ཆུང་བས། འདི་ལོ་ཚུན་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་བཟང་པོ་ཡོད་པ་དང་ཞིང་ནགས་འབྲོག་ཉ་སོགས་ཐོན་ལས་བརྟན་པོའི་ངང་འཕར་ཡོད། བཟོ་ལས་ཐོན་སྐྱེད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཏེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་7.1%འཕར་བ་དེ་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་5.9ཡིས་མཐོ་བ་ཡོད། ཞབས་ཞུའི་ལས་རིགས་བརྟན་པོའི་ངང་སླར་གསོ་བྱུང་སྟེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3201ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་334.9ཟིན་ཡོད།

བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དེ་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད། གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་ཀྱིས་2020ལོར་ཀྲུང་དབྱང་སྲིད་གཞུང་གིས་གནང་བའི་མ་དངུལ་སྒོར་དུང་ཕྱུར་596དོན་འཁྱོལ་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་99.3%ལེགས་གྲུབ་ཟིན་ཡོད། དེའི་ཁྲོད་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་329ཟིན་ཡོད། བོད་སྐྱོར་རྣམ་གྲངས་540དོན་འཁྱོལ་བྱས་པ་དང་། བོད་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་47.17བཏང་བ་དེ་དུས་མཚུངས་ལས་51.3%འཕར་ཡོད།

བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོཌ་དམངས་འཚོའི་དམིགས་ཚད་ནས་ཀྱང་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་3.8ལས་ཞུགས་གསར་པ་ཐུབ་པ་དང་ཞིང་འབྲོག་མང་ཚོགས་ཁྲི་60.1ལས་ཞུགས་གཞན་སྒྱུར་ཐུབ་པ་དེ་རང་སྐྱོང་ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་15%ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་མི་གྲངས་4%ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

འདི་ལོའི་ཟླ་8ཚེས་8ཉིན། བོད་ཀྱི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེས་ཆེ་གྲས་དང་པོ་ལྷ་ས་གྲོང་ཁྱེར་དབན་ཏ་ཐང་ཆེན་སྒོ་ཕྱེ་ཞིང་། སྒོ་ཕྱེ་ནས་ཉིན་གསུམ་རིང་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་4200ལྷག་ཙམ་ཟིན་པ་དེ་ལས་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མངོན་ཡོད། 2020ལོའི་ཟླ་6པ་བར་བོད་ཀྱི་མི་རེའི་ཆ་སྙོམས་བཅོལ་དངུལ་སྒོར་27714ཟིན་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་30ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

(བསྟན་བློས་བསྒྱུར། དབང་སྒྲོལ་སྐྱིད་དང་བསྟན་བློས་ཞུས)