《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

མཚོ་སྔོན་གྱིས་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་གསལ་ཐོ་ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཚོ་སྔོན་ཞིང་ཨུད་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་སྔར་བས་གཏོད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། ཁུར་པོ་ཡང་དུ་གཏོང་བའི་དོན་ཚན་ཞིབ་ཕྲ་18བཏོན་པ་རེད།

གསར་འགོད་པས་མཐོང་བར། ཁུར་པོ་ཡང་དུ་གཏོང་བའི་གསལ་ཐོར་དཔྱད་བསྡུར་དཔྱད་ཞིབ་ལ་ལྟ་སྐུལ་ཞིབ་བཤེར་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལས་སྒྱུར་དང་གཡར་སྤྱོད། རེ་ཞུའི་རེའུ་མིག་བསྡོམས་རྩིས་སོགས་ཚད་ལྡན་དུ་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སློབ་ཁྲིད་ལས་འགན་མིན་པའི་ཁུར་པོ་ཕྱོགས་ཡོངས་ནས་ཡང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ་དགེ་རྒན་ཚོ་སེམས་ལྷོད་པོས་སློབ་ཁྲིད་ཐུབ་ཆེད་དེ་བས་ལེགས་པའི་ཁོར་ཡུག་བཟང་པོ་བཏོད་ཡོད།

དཔྱད་བསྡུར་དཔྱད་ཞིབ་ལ་ལྟ་སྐུལ་བྱེད་པའི་ཐད། མཚོ་སྔོན་ཞིང་ཆེན་གྱིས་རིམ་མཚུངས་ཏང་ཨུད་ཀྱི་ཆོག་མཆན་མེད་པར་སྤེལ་བའི་རིགས་ཁག་གི་ཆེད་དོན་ལས་དོན་དང་སྔོན་གཏོད་ལེགས་འདེམས་སོགས་ཀྱི་བྱེད་སྒོར་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭ་དང་དགེ་རྒན་བཀོད་སྒྲིག་བྱ་མི་ཆོག་པ་དང་། སློབ་གསོ་སྡེ་ཚན་གྱི་མོས་མཐུན་མེད་པར་སྡེ་ཚན་གཞན་གྱིས་རང་དགར་སློབ་གྲྭར་བསྐྱོད་དེ་ཞིབ་བཤེར་མཛུབ་ཁྲིད་དང་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་མི་ཆོག་པ་ཁ་གསལ་བཏོན་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཚོང་འགུགས་མ་འདྲེན་དང་སྡོད་ཁང་བཤིག་སྤོ་སོགས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁུར་དགོས་པའི་ལས་ཀ་ངོ་འགྱུར་གྱི་སྒོ་ནས་སློབ་གྲྭ་འབྲིང་ཆུང་ལ་བགོ་མི་ཆོག་པ་མ་ཟད། དགེ་རྒན་ལ་བཀའ་རྒྱའི་རང་བཞིན་གྱི་ལས་འགན་སྤྲད་མི་ཆོག་པ་དང་། རྫོང་དང་ཤང(གྲོང་རྡལ་དང་ཁྲོམ་གཞུང)རིམ་གཉིས་སྲིད་གཞུང་གིས་སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་སློབ་མ་སློབ་གྲྭར་སྐྱོད་རྒྱུ་འགན་ལེན་གྱི་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་བཙན་ཤེད་ངང་སློབ་གྲྭ་དང་དགེ་རྒན་ལ་དཀྲི་མི་ཆོག་པ། དགེ་རྒན་ཁྲོམ་གཞུང་དུ་ལས་དོན་སྒྲུབ་པར་གཏོང་མི་ཆོག་པ། ཡོངས་བཤེར་དང་། བརྟག་དཔྱད་དམ་ཡང་ན་དགེ་རྒན་གྱི་འགན་འཁྲི་དང་འབྲེལ་བ་མེད་པའི་ལས་ཀ་བཀོད་སྒྲིག་བྱ་མི་ཆོག་པ་བཅས་བཏོན་ཡོད་པ་རེད།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གང་བྱུང་དུ་སྐོང་འཐེན་དང་གཡར་སྤྱོད་བྱ་མི་ཆོག་པ་དང་། གལ་སྲིད་སྐོང་འཐེན་དང་གཡར་སྤྱོད་བྱེད་དགོས་ཚེ། གཡར་སྤྱོད་ཀྱི་དུས་བཅད་རྩ་དོན་ཐོག་ལོ་ཕྱེད་ལས་བརྒལ་མི་ཆོག་པ་དང་། སློབ་གྲྭ་དང་དགེ་རྒན་ལ་རིགས་ཁག་གི་སྙན་ཞུའི་རེའུ་མིག་ཡང་ནས་བསྐྱར་དུ་རྒྱོང་དུ་བཅུག་པ་བྱ་མི་ཆོག་པ་མ་ཟད། སློབ་གསོ་དང་འབྲེལ་བ་མེད་པའི་དྲ་ཐོག་གི་འདྲི་ཤོག་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་བཏོན་ཡོད།