《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月01日

ས་བབ་མཐོ་ཚད་སྨི་4718ཟིན་པའི་གནམ་མཚོའི་ངོགས་སུ་བྲག་སྙིང་གསོར་འབིགས་དང་། ལྟ་ཞིབ་ཚད་ལེན། ཞིབ་འཇུག་བཅས་བྱེད་པ།

—— ཁ་བ་དང་བུ་ཡུག་ཁྲོད་དུ་ཡུལ་པོ་བཟོད་ནས་ཚད་ཞིབ་བྱ་བར་བརྩོན་པའི་སྐོར་བཀོད་པ།

འདི་ནི་གནམ་མཚོའི་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་གཙོ་གཉེར་བ་ཟླ་བ་བཀྲ་ཤིས་ཀྱིས་གནམ་མཚོ་ནས་མ་དཔེ་ལེན་བཞིན་པ།

ཆར་རླུང་ལ་མ་འཛེམ་པར་གསོར་འབིགས་འཚོལ་ཞིབ་ཀྱི་ལས་སྟེགས་བསྐྲུན་པ།

“རྙེད་ཐུབ་སོང”གསོར་ཁུང་གི་གཏིང་ཚད་སྨི་153.44ཟིན་པ་དང་རིང་ཚད་སྨི་144.79ཟིན་པའི་བྲག་སྙིང་བླངས་པས། རྒྱལ་ཁའི་འབོད་སྒྲ་དེ་ས་བབ་མཐོ་ཚད་སྨི་4718ཡོད་པའི་གནམ་མཚོའི་ངོགས་སུ་གྲགས། ཟླ་8ཚེས་3ཉིན་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་གནམ་མཚོ་ནས་མཚོ་བོད་ས་མཐོའི་མཚེའུ་ཡི་བྲག་སྙིང་རིང་ཤོས་དེ་གྲུབ་འབྲས་ཐོབ་པའི་ངང་བླངས་པ་རེད།

“ད་ཆ་80ནང་སྐྱེས་དང་90ནང་སྐྱེས་པ་ཚོ་ཐང་སྟོང་ཚན་རིག་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གནམ་མཚོ་ས་ཚིགས་ཀྱི་ཀྲེན་ཀྲང་ཝང་ཅུན་པའོ་ཡིས་བཤད། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པའི་བྲག་སྙིང་ལེན་ཆེད། གནམ་མཚོའི་གསོར་འབིགས་རྩད་ཞིབ་རྣམ་གྲངས་ལ་ཞུགས་མཁན་ཚན་རིག་རྟོག་ཞིབ་རུ་མི་ཚོས་འདི་ལོ་ཀྲུང་གོ་ཚན་རིག་ཁང་གནམ་མཚོའི་རིམ་མང་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས(གཤམ་དུ“གནམ་མཚོའི་ས་ཚིགས”ཞེས་བསྡུ་རྒྱུ)སུ་ལས་ཀ་ཟླ་བ་གཉིས་ལྷག་ཙམ་བྱས་ཡོད།

ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་མཆོག་རམས་པ་ཁྲེན་ཧའོ་གནམ་མཚོར་འབྱོར་ཞིང“ཁྲག་རྩ་འབུར་འབུར་ཆག་པ་དང་། སྙིང་གཡུག་ཤུགས་ཆེ་རུ་ཕྱིན་པ། རིག་པ་གསལ་པོ་མེད་པ་བཅས་ཀྱི་ཚོར་སྣང་བྱུང་བ་མ་ཟད། མཚན་མོ་གཉིད་ཁུག་དཀའ་བར་བརྟེན་སྙན་ཚིག་བྲིས་ནས་དཀའ་སྡུག་བཟོད་ཐབས་བྱེད་ཀྱི་ཡོད”ཅེས་ཁྲེན་ཧའོ་ཡིས་བརྗོད་བྱུང་།

ལོ་བཞིའི་གོང་དུ་ཁྲེན་ཧའོ་གནས་སའི་ཚོགས་པའི་ལས་ཀ་གཙོ་བོ་ནི་གནམ་མཚོའི་མཚེའུ་གཏིང་གི་འདམ་སྙིགས་ཀྱི་ས་གཤིས་གྲུབ་ཆར་བརྟག་དཔྱད་བྱས་ནས་བྲག་སྙིང་གསོར་འབིགས་རྩད་ཞིབ་ཀྱི་དུས་གོང་ཞིབ་འཇུག་བྱ་རྒྱུ་དེ་ཡིན། 2019ལོར་གནམ་གཤིས་ཞན་པ་སོགས་རྒྱུ་རྐྱེན་གྱིས་བྲག་སྙིང་གསོར་འབིགས་རྩད་ཞིབ་ལས་དོན་དེ་མཐར་སྨི་20གསོར་འབིགས་བྱས་རྗེས། ལས་མཚམས་འཇོག་དགོས་བྱུང་ཡོད། འདི་ལོའི་ཟླ་5པར་ཁྲེན་ཧའོ་ཞིབ་འཇུག་ཚོགས་པ་དང་མཉམ་དུ་སླར་ཡང་མཚེའུ་ཐོག་ཏུ་བསྐྱོད།

མཚེའུ་ཐོག་ཏུ་བྲག་སྙིང་གསོར་འབིགས་རྩད་ཞིབ་བྱེད་པར་དཀའ་ངལ་ཆེ་ཙམ་ཡོད། གནམ་མཚོའི་གསོར་འབིགས་རྩད་ཞིབ་རྣམ་གྲངས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་འཚོལ་ཞིབ་བྱས་པ་བརྒྱུད་རང་རྒྱལ་གྱི་ཚན་ཞིབ་མི་སྣས་རྒྱ་ཁྱོན་སྨི་ངོས་གྲུ་81ཟིན་པའི་གསོར་འབིགས་རྩད་ཞིབ་ལས་སྟེགས་ཆེ་གྲས་རང་བརྟེན་ཇུས་འགོད་བྱས་པ་རེད།

བཀོལ་སྤྱོད་དངོས་ཀྱི་བརྒྱུད་རིམ་ཧ་ཅང་ཉེན་ཁ་ཆེ་ཞིང་། ཐེངས་ཤིག་འགྱིག་གྲུ་གློ་བུར་དུ་སྐྱོན་ཤོར་ནས་མདུན་དུ་བསྐྱོད་ཐབས་བྲལ་བ་དང་། རྦ་རླབས་ཆེ་བས་ལས་དོན་མི་སྣ་ཚང་མའི་གྱོན་ཆས་རློན་པ་ཆགས། དེའི་དུས་སུ་ཁྲེན་ཧའོ་ཡིས་མགྱོགས་མྱུར་ཕྱིར་ལོག་བྱེད་མཁན་གྲུ་ཞིག་ལ་ཁ་པར་བརྒྱབ་ནས་རོགས་སྐྱོབ་བྱེད་རོགས་ཞེས་བཤད། རོགས་སྐྱོབ་བྱེད་པར་ཡོང་བའི་གྲུ་དེ་དཔངས་མཐོ་ལ་མྱུར་ཚད་འགོར་བས་གྲུ་གཉིས་དབར་བར་ཐག་རིང་པོ་མེད་ཀྱང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས་གཞི་ནས་ཁྲེན་ཧའོ་དང་བཅས་པ་སྐྱོབ་ཐུབ་པ་བྱུང་ཡོད།

ཞིབ་འཇུག་བྱེད་པའི་ནང་དོན་མི་འདྲ་མོད། བརྩོན་ཞིབ་ཀྱི་ངར་ཤུགས་ལ་ཕན་ཚུན་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད།

“ཉེན་ཁ་ཆེ་བའི་དུས་ཡོལ་རྗེས། རྗེས་ཀྱི་ལས་ཀ་ནི་ཉིན་དང་ཉིན་བསྟུད་ནས་འཚོལ་ཞིབ་བྱ་རྒྱུ་དེ་ཡིན། གསོར་འབིགས་རྩད་ཞིབ་ལས་སྟེགས་མཚེའུ་ཡི་དཀྱིལ་དུ་བརྟན་པོར་བཙུགས་རྗེས། ཁྲེན་ཧའོ་ཡིས་ཉིན་ལྟར་མཚེའུ་ཐོག་གི་མ་དཔེ་ལེན་པ་དང་དབྱེ་ཞིབ་སོགས་ཀྱི་ལས་ལ་གཞོལ།

དབྱར་ཁའི་གུང་གསེང་རིང་ཁུ་སིམ་པའི་གནམ་མཚོའི་ས་ཚིགས་སུ་འཁྲུག་ཆ་དོད་དུ་སོང་ཞིང་། འཁྲུག་ཆ་དོད་ཤོས་ཀྱི་དུས་ནི་མི་བཞི་བཅུ་ལྔ་བཅུ་ཙམ་དུས་གཅིག་ཏུ་ས་ཚིགས་སུ་འཛོམས་པའི་སྐབས་ཡིན། མཐོ་སློབ་སློབ་གླིང་གི་དགེ་སློབ་མང་པོ་ཞིག་གནམ་མཚོའི་ས་ཚིགས་སུ་ཉིན་ཁ་ཤས་སྡོད་པའམ་ཡང་ན་ཟླ་བ་གཉིས་གསུམ་དང་ཐ་ན་ལོ་ཕྱེད་ཙམ་སྡོད་ཀྱི་ཡོད། ལྟོ་ཟ་བའི་དུས་སུ་སླེབས་སྐབས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གཞོན་ནུ་རྣམས་གཉིས་གསུམ་རེ་བྱས་ནས་མཉམ་དུ་བསྡད་དེ་ཉེ་དུས་ཀྱི་ཚན་ཞིབ་གྲུབ་འབྲས་སྤེལ་རེས་བྱེད་ཀྱི་ཡོད།

སྐལ་བཟང་ནི་བོད་ལྗོངས་སློབ་ཆེན་སྣོད་བཅུད་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན་ཞིང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་གནམ་མཚོའི་ཉེ་འགྲམ་གྱི་ཚོད་ལྟའི་ཞིང་ཁར་ས་མཐོའི་རྩི་ཤིང་མང་པོ་བཏབ་ནས་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།

ལན་ཀྲོའུ་སློབ་ཆེན་གྱི་ན་གཞོན་དགེ་སློབ་ཚོ་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་ཁ་ལག་བཟས་རྗེས་མཉམ་དུ་ཚོད་ལྟའི་སྒྲིག་ཆས་འཛུགས་པར་འགྲོ་གི་ཡོད།

གནམ་གཤིས་ལེགས་པའི་ཉིན་གུང་ཚང་མར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་སུའོ་ཡི་རབ་འབྱམས་པ་ཀྲོའུ་ཐེན་ཆི་ཉི་འོད་འོག་ལས་ཀ་བྱས་ནས་སྡོད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་སུའོ་ཡི་འབུམ་རམས་པ་ཁའེ་ཅིན་ལེ་སྤྱིར་ན་ལོ་ལྟར་གནམ་མཚོའི་ས་ཚིགས་སུ་ཡོང་གི་ཡོད། “གནམ་མཚོའི་ས་ཚིགས་སུ་ཚང་མས་ཞིབ་འཇུག་བྱེད་པའི་ནང་དོན་མི་འདྲ་མོད། འོན་ཀྱང་བརྩོན་ཞིབ་ཀྱི་ངར་ཤུགས་ལ་ཕན་ཚུན་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད”ཅེས་ཁའེ་ཅིན་ལེ་ཡིས་བཤད།

ཚན་རིག་ཞིབ་འཇུག་བྱེད་མཁན་གྱི་ན་མཉམ་ཚོར་ཞིབ་འཇུག་དང་འཚོ་བའི་འགན་ལེན་བྱེད་པ།

བོད་ལྗོངས་གནམ་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མཚེའུ་དང་། ཆུ་བོ། འཁྱགས་རོམ། འཁྱགས་ས། དུས་ཚིགས་གངས་གསོག འདམ་ར་སོགས་ཕུན་སུམ་ཚོགས་པའི་རང་བྱུང་ས་ཁམས་ཀྱི་གཞི་རྒྱུ་ཡོད་པས། དེ་ནི་ཚན་ཞིབ་ལས་དོན་པ་ཚོས་མཚོ་བོད་ས་མཐོའི་འབྲེལ་ཡོད་ཞིབ་འཇུག་ལས་དོན་སྤེལ་བའི“རང་བྱུང་ཚོད་ལྟ་ཁང”ཞིག་རེད།

ད་ཆ་གནམ་མཚོའི་ས་ཚིགས་དེ“ཚན་ཞིབ་ས་ཚིགས”ཤིག་ཡིན་པ་མ་ཟད། གཞོན་ནུའི་འགྲུལ་ཁང་ཞིག་དང་འདྲ། ཁང་པ་རེར་མི་6ནས་8བར་སྡོད་པ་དང་། ཉལ་ཁྲི་སྟེང་ཤོད་གཉིས་བཀོད་སྒྲིག་བྱས་ཡོད། འདི་ལོ་ལོ་24ལ་སླེབས་པའི་གནམ་མཚོའི་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་གཙོ་གཉེར་བ་ཟླ་བ་བཀྲ་ཤིས་ཀྱིས“ལོ་ཁ་ཤས་ཀྱི་གོང་དུ་ཉལ་ཁང་ནང་ཉལ་ཁྲི་ཆེན་པོ་གཉིས་ལས་མེད། ཚན་ཞིབ་མི་སྣ་མང་དུ་སོང་བར་བརྟེན་ཉལ་ཁྲི་མང་དུ་བཏང་དགོས་བྱུང་མོད། འོན་ཀྱང་ན་གཞོན་ཚོས་འཁང་ར་སྤུ་ཙམ་ཡང་བྱེད་ཀྱི་མི་འདུག་ལ། དེ་ལྟ་བུའི་ཉལ་ཁང་ནང་ཕན་ཚུན་སྤེལ་རེས་བྱེད་བདེ་བ་འདུག”ཅེས་བཤད་བྱུང་།

ད་ཆ་གནམ་མཚོའི་ས་ཚིགས་དེས་ཞིབ་འཇུག་པ་དེ་བས་མང་བར་ཞིབ་འཇུག་གི་མཐུན་རྐྱེན་དང་འཚོ་བའི་འགན་ལེན་བཟང་པོ་བྱས་ཤིང་། ས་ཚིགས་ཀྱི་ཕྱིར་གྲང་རླུང་འུར་འུར་དུ་ལྡང་ན་ཡང་། ས་ཚིགས་ཀྱི་ཁང་པའི་ནང་དྲོ་སོབ་སོབ་ཡོད། ཉིན་གཅིག་གི་ལས་ཀ་ཚར་རྗེས། ཁྲེན་ཧའོ་དང་། སྐལ་བཟང་། ཟླ་བ་བཀྲ་ཤིས་བཅས་དང་འདྲ་བའི་གཞོན་ནུ་ཚོ་མཉམ་དུ་བསྡད་ནས་གྲངས་གཞི་ལེགས་སྒྲིག་བྱེད་པའམ་ཡང་ན་ཚད་ལྡན་ཡིག་ཆ་སློབ་སྦྱོང་བྱེད་པ་དང་། ཡང་ན་མི་གཉིས་གསུམ་མཉམ་དུ་བརྙན་འཕྲིན་ལྟ་བཞིན་ཅི་འཕྲོས་མོས་འཕྲོས་ཤོད་བཞིན་སྡོད་ཀྱི་ཡོད།