《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལས་ཚན་རྩལ་མཐོ་བའི་རྣམ་གྲངས་དོན་འཁྱོལ་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཧྲེན་ཀུང་སོ་ཏི་ཨ་རབ་འགྱིག་རིགས་རྒྱུ་ཆ་གསར་པ་དང་གློག་རྡུལ་འོད་རིག་ཐོན་ལས་བཟོ་སྐྲུན་རྟེན་གཞིའི་རྣམ་གྲངས་འགོ་འཛུགས་མཛད་སྒོ་ཉེ་ཆར་སོ་ཏི་ཨ་རབ་ཀྱི་བྱང་ཤར་རྒྱུད་ཀྱི་ཀྲུའུ་པའེ་ལེ་བཟོ་ལས་གྲོང་དུ་འཚོགས་པ་རེད། དེའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་ཀྲུང་སོའི་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཀྱི་ཚན་རྩལ་མཐོ་བའི་རྣམ་གྲངས་སོ་ཏི་ཨ་རབ་ཏུ་དོན་འཁྱོལ་ཐུབ་པ་མཚོན་ཡོད།

ཀྲུང་གོ་ཧྲེན་ཀུང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིས་སོ་ཏི་ཨ་རབ་ཀྱི་ཀྲུའུ་པའེ་ལེ་དང་ཡན་པུའུ་གོང་མ་ཚང་ཨུ་ཡོན་ལྷན་ཁང་དང་ས་ཆ་བོགས་གཏོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འབྲེལ། སོ་ཏི་ཨ་རབ་ཀྱི་དར་གོས་ལམ་བུའི་ཐོན་ལས་ཞབས་ཞུ་ཀུང་སི་དང་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད།

སོ་ཏི་ཨ་རབ་ཀྱི་ཀྲུའུ་པའེ་ལེ་དང་ཡན་པུའུ་གོང་མ་ཚང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ·སཱ་ཏན་གྱིས། འདས་ཟིན་པའི་ལོ་20ཡི་ནང་ཀྲུང་གོ་སོ་ཏི་ཨ་རབ་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་གྱི་གྲས་ཤིག་ཡིན། ཕྱོགས་གཉིས་པོས་མ་འཇོག་དང་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱས་ཏེ་སོ་ཏི་ཨ་རབ་ཀྱི་ཁེ་ལས་མང་པོ་ཞིག་ཀྲུང་གོར་མ་འཇོག་བྱས་ནས་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་མ་འཇོག་མཁན་མང་པོ་ཞིག་གིས་ཀྱང་གོང་མ་ཚང་ཨུ་ཡོན་ལྷན་ཁང་གི་བཟོ་ལས་གྲོང་དུ་མ་འཇོག་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སོ་ཏི་ཨ་རབ་ཏུ་མ་འཇོག་བྱེད་པའི་ཐད་གོང་མ་ཚང་ཨུ་ཡོན་ལྷན་ཁང་གིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཝུའེ་ཆིང་གིས། ཀྲུང་སོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ཀྱིས་ཀྲུང་སོ་མཉམ་ལས་ལ་གོ་སྐབས་དེ་བས་མང་པོ་གཏོད་རྒྱུ་ཡིན་པས། སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོའི་ཁེ་ལས་དང་གོང་མ་ཚང་ཨུ་ཡོན་ལྷན་ཁང་དབར་གྱི་འབྲེལ་བར་མུ་མཐུད་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་གོ་སྐབས་མཉམ་དུ་དོན་གཉེར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་བཙོ་སྦྱངས་ཐོན་རྫས་ཀྱི་ཐོན་ཁུངས་རྨང་གཞིར་བྱས་ཏེ་མཁའ་འགྲུལ་དང་རླངས་འཁོར་སོགས་དམིགས་འཛུགས་ལས་རིགས་ལ་མཁོ་བའི་འགྱིག་རིགས་ཀྱི་ལྷུ་ལག་ཞིབ་སྤེལ་དང་ཐོན་སྐྱེད་བྱ་རྒྱུ་དང་ཆབས་ཅིག གློག་འདྲེན་ཕྱེད་གཟུགས་ཀྱི་LEDའོད་ཁུངས་དང་། AIཚོད་འཛིན་ལེབ་གཟུགས། རིག་ལྡན་གློག་ཆས། རིག་ལྡན་འཛིན་ཆས་སོགས་ཀྱི་ཐོན་རྫས་ཆ་ཚང་ཞིབ་སྤེལ་དང་ཐོན་སྐྱེད་བྱ་རྒྱུ་རེད། རྣམ་གྲངས་དེར་སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་8.92ཙམ་གཏོང་རྒྱུ་དང་། བསྐྲུན་ཟིན་རྗེས་ལོའི་ཐོན་རྫས་རིན་ཐང་ཨ་སྒོར་དུང་ཕྱུར་22.09ཙམ་ཟིན་རྒྱུ། མི་ཁྲི་1ཙམ་ལས་ཞུགས་ཐུབ་རྒྱུ་བཅས་རེད།