《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྗོད་དོན་གཙོ་བོའི་རྒྱལ་སྤྱིའི་གསར་འགྱུར་པར་རིས་འགྲེམས་སྟོན་ཧྲོའར་དུ་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན“རིམས་ནད་ཀྱི་འཐབ་ས་དང་པོར་བསྐྱོད། རྒྱལ་སྤྱིའི་གསར་འགྱུར་པར་རིས་འགྲེམས་སྟོན”ཧན་གོའི་རྒྱལ་ས་ཧྲོའར་དུ་གཉེར་འགོ་ཚུགས་པ་རེད། འགྲེམས་སྟོན་ནང་སྨྱན་སྦྱོར་གྱི་གསར་འགོད་པའི་བརྙན་པར་ཟིན་ཐོ་བརྒྱུད། རྒྱལ་ཁབ་ཁག་གི་དམངས་ཚོགས་ཚོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐོར་མངོན་པར་བྱས་ཡོད་པ་རེད།

ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་དེ་ཧན་གོ་མཉམ་འབྲེལ་གསར་འགྱུར་ཁང་དང་ཧན་གོའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་། འཛམ་གླིང་ཐོག་གི་གསར་འགྱུར་ཁང་47གྱི་གསར་འགྱུར་པར་རིས་120ཙམ་འགྲེམས་སྟོན་བྱས་ཡོད་པ་རེད། པར་ལེན་ཡུལ་གོ་ལ་ཧྲིལ་པོའི་གྲོང་ཁྱེར་70ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། ནང་དོན་གྲས་སུ་ས་གནས་ཁག་གིས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། རིམས་ནད་ཀྱི་གནས་ཚུལ་འོག་གི་ས་གནས་དེ་གའི་མི་རྣམས་ཀྱི་འཚོ་བ། སྨན་དོན་མི་སྣའི་དཀའ་སྤྱད་ལས་བརྩོན་བཅས་དང་དེ་བཞིན་རྒྱལ་ཁབ་ཁག་དབར་གྱི་རིམས་འགོག་མཉམ་ལས་སོགས་ཚུད་ཡོད་པ་རེད།

གཙོ་གཉེར་བྱེད་མཁན་ཕྱོགས་ཀྱིས། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་བྱས་པ་བརྒྱུད། མི་རྣམས་ལ་སེམས་གསོ་དང་རེ་བ་སྦྱིན་ནས། འཛམ་གླིང་ཡོངས་མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་དེ་2021ལོའི་ཟླ་3ཚེས་1ཉིན་བར་གཉེར་རྒྱུ་རེད།

(པ་ཚེས་བསྒྱུར། པ་བསོད་ཀྱིས་ཞུས)