《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

ཁེར་གྷི་སི་ཐན་གྱི་ལས་ཚབ་ཙུང་ལི་ནུའོ་ཝུའེ་ཁོའོ་ཕུའུ་ཡིས་ཁེར་གྷི་སི་ཐན་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཁེར་གྷི་སི་ཐན་གྱི་ལས་ཚབ་ཙུང་ལི་ནུའོ་ཝུའེ་ཁོའོ་ཕུའུ་ཡིས་ཁེར་ཀྲུང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁེར་གྷི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་གཉེར་སྐྱོང་ཐད་ཆ་རྐྱེན་བཟང་པོ་ཧུར་ཐག་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།

དེ་ཉིན། ནུའོ་ཝུའེ་ཁོའོ་ཕུའུ་ཡིས་ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏུའུ་ཏེ་ཝུན་དང་ཐུག་འཕྲད་བྱེད་སྐབས་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་དམ་ཟབ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཁེར་གྷི་སི་ཐན་གྱི་རིམས་འགོག་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བར་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་རིམས་འགོག་ཐད་ཀྲུང་གོ་ཕྱོགས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

ཏུའུ་ཏེ་ཝུན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་ཁེར་རྒྱལ་ཁབ་གཉིས་པོས་ལྟ་རེས་སྐྱོང་རེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས་མཉམ་དུ་རིམས་ནད་འགོག་པའི་ཁྲོད་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་། སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ། དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བཅས་ཐུབ་རྒྱུའི་རེ་བ་ཡོད་ལ། སྔ་ཕྱི་བར་གསུམ་དུ་ཁེར་གྷི་སི་ཐན་ལ་རང་ནུས་ཡོད་རྒུས་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

(པ་སངས་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)