《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

རྒྱལ་སྤྱིའི་རྒྱང་ལྟའི་ཚོགས་ཆེན་སྐབས་བཞི་པས་ལེགས་ལྡན་ཐོན་ཁུངས་མཉམ་སྤྱོད་ལ་དམིགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལིང་ཐོན་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་རྒྱལ་སྤྱིའི་རྒྱང་ལྟའི་ཚོགས་ཆེན་སྐབས་བཞི་པ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཚོགས་ཆེན་ཐོག་ལེགས་ལྡན་ཐོན་ཁུངས་ཇི་འདྲ་བྱས་ནས་མཉམ་སྤྱོད་བྱ་རྒྱུ་དང་དེ་བཞིན་རིམས་ནད་རྗེས་ཀྱི་རྒྱལ་སྤྱིའི་ཐོན་ལས་མཉམ་ལས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད།

ནེའུ་ཙི་ལན་དང་ཀྲུང་གོ་སོགས་རྒྱལ་ཁབ་12ནས་ཡོང་བའི་རྒྱལ་སྤྱིའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་། གྲགས་ཅན་མཁས་དབང་། ཚོང་དོན་ལས་རིགས་ཀྱི་གཙོ་འཛིན་སོགས་60ལྷག་ཙམ་སྐབས་འདིའི་ཚོགས་ཆེན་ལ་ཞུགས་པ་དང་། ཚོགས་ཆེན་གྱིས་དྲ་ཕྱིའི་ཚོགས་ར་གཙོ་བོའི་བྱེད་སྒོ་ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་དུ་སྤེལ་བ་རེད།

རྒྱལ་སྤྱིའི་རྒྱང་ལྟའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་དབྱི་ས་མུའུ·ཧྲ་ལ་ཕུའུ་ཡིས་བརྙན་ལམ་གསུང་བཤད་གནང་སྐབས། འཛམ་གླིང་གིས་ཕྱོགས་མང་རིང་ལུགས་གདམ་དགོས་པ་ལས་ཕྱོགས་རྐྱང་རིང་ལུགས་གདམ་མི་རུང་བ་དང་། རང་མོས་ཚོང་དོན་བྱེད་པ་ལས་སྲུང་སྐྱོང་རིང་ལུགས་སྤེལ་མི་རུང་། མཉམ་གནས་བྱེད་པ་ལས་བཙན་དབང་བྱེད་མི་རུང་། གླེང་མོལ་བྱེད་པ་ལས་འགྲན་རྒོལ་བྱེད་མི་རུང་། ཡ་རབས་ངང་བསམ་ཤེས་བྱེད་པ་ལས་མ་རབས་ཀྱི་གདོང་ཐུག་བྱེད་མི་རུང་ཞེས་བརྗོད་པ་རེད།

ཨའོ་ཁེ་ལན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་རོན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ལས་འཛམ་གླིང་ལ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་དང་ཕྱོགས་རྐྱང་དབར་དང་མཉམ་ལས་དང་འགྲན་རྒོལ་དབར་གྱི་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་བཞིན་ཡོད། གཏན་འཁེལ་མེད་པའི་རང་བཞིན་མང་པོའི་ཁྲོད་ཀྲུང་གོ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་ལས་མི་རྣམས་བློ་བདེ་པོ་བྱུང་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྒུལ་ཤུགས་དང་གོ་སྐབས་གསར་པ་ཐོབ་རྒྱུ་རེད་ཅེས་བརྗོད།

སྐབས་འདིའི་ཚོགས་ཆེན་ནི་རྒྱལ་སྤྱིའི་རྒྱང་ལྟའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་དཔལ་འབྱོར་ཆ་འཕྲིན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། གོང་གི་སྐབས་གསུམ་པོ་དག་ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་དང་། ཀྲུང་གོའི་ཧང་ཀྲོའུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་བཅས་སུ་འཚོགས་པ་རེད།