《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

ཕྱི་འབྲེལ་པུའི་མགྲིན་ཚབ་པས།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཀྲུང་གོ་ཕྱོགས་ཀྱིས་པའེ་ཏེང་གི་ཚོགས་པ་དང་འབྲེལ་གཏུག་བྱེད་མིན་སོགས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཀྲུང་གོ་ཕྱོགས་ཀྱིས་པའེ་ཏེང་གི་ཚོགས་པ་དང་འབྲེལ་གཏུག་བྱེད་མིན་སོགས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ།

ཀྲའོ་ལི་ཅན་གྱིས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཚུད་ཀྱི་ཁ་ཕྱོགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་གྱིས་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་ཏེ་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད་ཅེས་བརྗོད།

“རིམས་ནད་ཀྱི་དམིགས་བསལ་རྒྱབ་ལྗོངས་འོག་ཀྲུང་གོས་དུས་བཀག་ལྟར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་འཚོགས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་པ་རེད། དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད” ཀྲའོ་ལི་ཅན་གྱིས། ཀྲུང་གོས་སྐབས་འདིའི་འདུ་ཚོགས་གཟབ་རྒྱས་ངང་འཚོགས་པ་བརྒྱུད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་སླར་ཡང་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ཆུ་ཚད་སླར་ཡང་ཚད་བརྒལ་ཡོང་བ་བཅས་བྱས་ཏེ་རྫོགས་ལྡན་གྱི་ལོ་བཅུ་གཞན་ཞིག་གི་ཕྱོགས་སུ་སླར་ཡང་རྡོག་ཐོན་བྱེད་འདོད་ཡོད་ཅེས་བརྗོད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གལ་ཆེན་འཁུར་བ།

ཀྲའོ་ལི་ཅན་གྱིས། འཚོག་ཉེར་ཡོད་པའི་ཙུང་ལིའི་ཚོགས་འདུ་ནི་འདི་ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་བྱེད་སྒོ་གལ་ཆེན་ཞིག་རེད། ཚོགས་འདུ་འཚོག་རིང་། ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་མཉམ་དུ་རིམས་ནད་ཀྱི་རྒྱབ་ལྗོངས་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སྤེལ་རེས་གང་ལེགས་བྱེད་པ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དེ་བས་མང་བ་གཅིག་སྡུད་བྱེད་པ། བྱེད་ཐབས་ཏན་ཏིག་དེ་བས་མང་བ་བཟོ་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་མཉམ་ལས་ཀྱི་གྲོས་འགོ་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཚོང་དོན་དང་། མ་འཇོག ཐོན་ནུས། མཉམ་སྦྲེལ་མཉམ་མཐུད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱེད་པ་བཅས་ཀྱི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་བས་མགྱོགས་པ་དང་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་ཐུག་འཕྲད་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་སྒུལ་ཤུགས་དེ་བས་ཆེ་བ་བསྣན་རྒྱུ་ཡིན་པ།

ཀྲའོ་ལི་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ཨ་སྒོར་དུང་ཕྱུར་880ཟིན་ནས་ཆག་ཚད་རིམ་བཞིན་དམའ་རུ་ཕྱིན་པ་དང་། ཞིང་ལས་དང་། ནུས་རྒྱུ། རྒྱལ་མཚམས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཀྱི་ཁྱབ་ཁོངས་ལྡོག་འཕར་བྱུང་བ། ཚན་རྩལ་གསར་གཏོད་ལོ་བདེ་བླག་ངང་སྤེལ་འགོ་ཚུགས་ནས་ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་ཕྱོགས་མུ་མཐུད་ཆེ་རུ་ཕྱིན་ཡོད།

ཁོང་གིས་ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་ཐུག་འཕྲད་ནི་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྤྱི་འདོམས་འཆར་འགོད་དང་མཛུབ་ཁྲིད་དང་སྐུལ་གཏོང་གི་ལས་སྟེགས་གལ་ཆེན་ཞིག་ཡིན་ཞིང་། བསྟུད་མར་ཐེངས་24འཚོགས་པ་རེད། འཚོག་ཉེར་ཡོད་པའི་ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་ཐུག་འཕྲད་ཐེངས་ཉེར་ལྔ་པ་ནི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བའི་དམིགས་བསལ་གྱི་དུས་སྐབས་སུ་གཉེར་བའི་ཀྲུང་གོ་དང་ཨུ་རུ་སུའི་མཐོ་རིམ་འགྲོ་འོང་གི་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་། དེར་ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་སྒུལ་ཤུགས་དེ་བས་ཆེ་བ་བསྣན་ནས་གོ་ལ་ཧྲིལ་པོ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་འཕར་རྒྱུ་སླར་གསོ་ཡོང་ཆེད་ཀྲུང་གོ་དང་ཨུ་རུ་སུའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།

ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ།

ཀྲུང་གོ་ཕྱོགས་ཀྱིས་པའེ་ཏེང་གི་ཚོགས་པ་དང་འབྲེལ་གཏུག་བྱེད་མིན་གྱི་གནད་དོན་ལ་དམིགས་ནས། ཀྲའོ་ལི་ཅན་གྱིས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ཨ་རིའི་རྒྱལ་ནང་གི་དཔྱོད་ལྡན་མི་སྣ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་རེ་སྒུག་བྱེད་པའི་གནད་དོན་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་གདོང་ཐུག་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་གཞིར་བཟུང་། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ལ་དམིགས་པ། ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

རྒྱ་གར་ཕྱོགས་ལ་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱེད་དགོས་པའི་སྐུལ་མ་བཏང་བ།

རྒྱ་གར་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་གློག་རྡུལ་ཐོན་རྫས་ཀྱི་སྤུས་ཚད་ཆོག་འཐུས་དམ་དུ་བཏང་བར་དམིགས་ནས། ཀྲའོ་ལི་ཅན་གྱིས། རྒྱ་གར་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་དེ་རིགས་ཁྲོམ་རའི་རྩ་དོན་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་མངོན་གསལ་དོད་པོས་འགལ་བ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པས། རྒྱ་གར་རྒྱལ་ནང་གི་མ་འཇོག་དང་རྒྱ་གར་གྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཡང་ཕན་ཐོགས་གང་ཡང་མེད། ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་དེ་ཡིན། “ང་ཚོས་རྒྱ་གར་ཕྱོགས་ལ་འབྲེལ་ཡོད་མཐོང་ཆུང་གི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ལ་དེ་བས་ཆེ་བའི་གནོད་འཚེ་མི་ཕོག་པ་བྱེད་དགོས་པའི་ལྕག་སྐུལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རྒྱ་གར་ཕྱོགས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁེ་ལས་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཚང་མར་མཐོང་ཆུང་རང་བཞིན་མིན་པ་དང་དྲང་གཞག་གི་འགྲན་རྩོད་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས”ཞེས་བརྗོད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་སྐལ་མཆོག་གིས་ཞུས)