《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月27日

གྲོང་ཚོའི་གཙང་སེལ་བྱ་སྤྱོད་བོད་ལྗོངས་ཡོངས་སུ་ཁྱབ་ནས་བཅུ་ཆ་དགུ་ཡན་གྱི་གྲོང་ཚོའི་འཚོ་བའི་གད་སྙིགས་ཚང་མ་གཙང་སེལ་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་སུ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གད་སྙིགས་གཙང་སེལ་དང་བཙོག་ཆུ་འབུད་གཏོང་གི་ཚད་གཞི་དང་མི་མཐུན་པ་དང་། གྲོང་ཚོའི་ཁོར་ཡུག“བཙོག་ཟིང་ཞན་གསུམ”སོགས་ཀྱི་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་སྲིད་ཇུས་སྔ་རྗེས་སུ་བཏོན་ཅིང་། ཟླ་10པའི་ཟླ་མཇུག་བར། སྒྱུར་བཀོད་གསར་པ་བྱས་པའི་གྲོང་གསེབ་དུད་ཚང་གི་གཙང་སྦྲ་དོད་པའི་གསང་སྤྱོད་དུད་ཚང་ཁྲི་10ལྷག་ཙམ་ལ་ཁྱབ་ནས། ཞིང་འབྲོག་ཁུལ་དུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་45%ལྷག་ཙམ་ཟིན་པ་དང་། 90%ཡན་གྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་ཐུབ་སྟེ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

དེ་དང་དུས་མཚུངས། བོད་རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི“གཙང་བཤེར་བཞི་དང་དག་ཐེར་གཉིས”ཀྱི་གྲོང་ཚོ་གཙང་སེལ་ལས་དོན་ཁྱོན་ཡོངས་ལ་ཁྱབ་ནས། ཚད་ལྡན་མིན་པའི་གད་སྙིགས་སྤུང་ཡུལ་ཚང་མ་བཅོས་སྒྲིག་ཡག་པོ་ཐུབ་པ་དང་། 30%ཡན་གྱི་གྲོང་ཚོའི་འཚོ་བའི་བཙོག་ཆུ་གང་བྱུང་གློད་པར་དོ་དམ་ཚོད་འཛིན་ཐུབ་པ། གྲོང་ཚོ་136མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོར་བསྐྲུན་པ་བཅས་བརྒྱུད། ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་རྣམ་པ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཕྱིས་འབྱུང་། བོད་ཀྱིས་བདེ་ཐང་འཕྲོད་བསྟེན་གྱི་ཤེས་བྱ་སྔར་བས་ཁྱབ་གདལ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཚོས་འཚོ་བའི་གོམས་གཤིས་ངན་པ་བསྒྱུར་བར་ཁྲིད་སྟོན་བྱས་ནས། ཞིང་འབྲོག་པའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཞུགས་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ་རེད། དེ་དང་དུས་མཚུངས། “སྒོ་རྩའི་འགན་གཙང་གསུམ”གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོར་གཙང་སེལ་ཉིན་མོ་གཏན་འཁེལ་དང་གཙང་སེལ་བཀོད་འདོམས་པ་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་སྤྱད་དེ། གྲོང་ཚོའི་གཙང་སེལ་བྱ་སྤྱོད་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

(དཔའ་མོས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)