《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月27日

ཤུག་ལུང་གྲོང་ཚོའི་དར་རྒྱས་ཀྱི་གླུ་གཞས་སྙན་མོ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཞོགས་པའི་སྐྱ་རེངས་ཤར་མཚམས་སུ་མུན་ནག་གི་ཡོལ་བས་གཡོགས་པའི་བོད་རིགས་ཀྱི་འབྲོག་སྡེ་ཤུག་ལུང་དུ་ནོར་ལུག་ཁྲི་སྟོང་དུ་མའི་སྐད་སྒྲས་ཀུན་གྱི་གཉིད་དཀྲོགས་ལ། ར་སྒོ་ཕྱེ་མ་ཐག་ནོར་ལུག་ཐམས་ཅད་འཚང་ཁ་ཤིག་ཤིག་ངང་རྒྱབ་རིའི་ཕྱོགས་སུ་གཤར།

“གྲོང་ཚོའི་གསོ་ཚགས་འཕེལ་རྒྱས་མྱུར་བ་ནི་ལོ་གསུམ་གོང་གི་དངུལ་བུན་གཡར་བའི་ཚ་རླབས་ལས་བྱུང་བ་ཡིན”ཞེས་ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་ཆབ་སྲིད་ལས་དོན་ཁྲུའི་ཀྲུའུ་རེན་ཏེང་ཀེ་ཧུའུ་ཡིས་དེ་ལྟར་བཤད།

ཤུག་ལུང་གྲོང་ཚོ་ནི་མཚོ་སྔོན་སྟོང་སྐོར་རྫོང་གི་ཉི་ཟླ་རི་བོའི་གཤམ་དུ་གནས་པ་དང་ཕྱོགས་བཞི་རི་ཡིས་བསྐོར་ཡོད། ཉི་འོད་འཕྲོ་ཡུན་ཐུང་བའི་རྐྱེན་གྱིས་གནམ་གཤིས་གྲང་ངར་ཆེ་ཞིང་། མི་རབས་ནས་མི་རབས་བར་དེར་འཚོ་བའི་བོད་རིགས་མང་ཚོགས་ཀྱིས་ཐོན་འབབ་དམའ་བའི་ནས་དང་པད་ཁ་བཏབ་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད།

མ་དངུལ་ཁ་ཐང་བའི་རྐྱེན་གྱིས་རི་ཆེན་དང་ཆུ་ཆེན་གྱིས་བསྐོར་བའི་ཤུག་ལུང་གྲོང་ཚོར་ནོར་ལུག་གི་ཁྱུ་ཚོགས་མཐོང་དཀའ་ལ། རྫི་གླུ་ལྷང་ལྷང་དུ་གྲགས་པའི་བོད་རིགས་ས་ཁུལ་གྱི་ཉམས་འགྱུར་ཡང་དབེན།

དབུལ་ཕོངས་ཀྱི་གནས་སྟངས་དེ་2017ལོའི་ལོ་མཇུག་ཏུ་འགྱུར་ལྡོག་བྱུང་ལ། ལོ་དེར་ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས་ཤུག་ལུང་གྲོང་ཚོ་གྲོང་ཚོ་དབུལ་པོ་གཙོ་བོར་བརྩིས་ནས་རོགས་སྐྱོར་བྱ་རྒྱུའི་ནང་བཅུག་པ་རེད།

ཞིང་ལས་འཕེལ་རྒྱས་གཏོང་བར་ཁོར་ཡུག་གི་ཚོད་འཛིན་ཕོག་པ་དང་། འབྲོག་ལས་སྟོབས་ཆེར་གཏོང་བར་མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ངལ་འཕྲད་པས། འགན་གཙང་ལེན་གྱི“གཞན་བརྟེན”རྣམ་པའི་དབུལ་སྐྱོར་བྱ་ཐབས་ནི་མང་ཚོགས་ཚོའི་དབུལ་སྒྲོལ་གྱི་སྒུལ་ཤུགས་སྐོང་འཐེན་བྱ་རྒྱུར་ཕན་པ་མེད་ལ། ཁུ་སིམ་པའི་ལུང་ཁུག་ཏུ་ཡུན་རིང་འཚོ་བའི་བོད་རིགས་སྤུན་ཟླ་དག་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས་ན། དང་ཐོག་ཁྲོམ་རའི་དཔལ་འབྱོར་གྱི་ཉེན་ཁར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས། དེར་བརྟེན་ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱི་ཏང་ཨུད་ཀྱིས“ཚན་ཁག་གཅིག་གི་ཁོངས་མི”ཡིས་ས་གནས་ས་ཐོག་ཏུ་ཞིབ་འཇུག་བརྟག་དཔྱད་བྱས་རྗེས་འབྲོག་ལས་སྟོབས་ཆེར་གཏོང་རྒྱུ་ནི་ཤུག་ལུང་གྲོང་ཚོ་དབུལ་སྒྲོལ་ཡོང་བའི་ཐབས་ལམ་ཉག་གཅིག་ཡིན་ལ། མང་ཚོགས་ལ་ལྕག་སྐུལ་བཏང་ནས་དངུལ་བུན་གཡར་བ་ནི་མ་དངུལ་ཁ་ཐང་བའི་དཀའ་ངལ་སེལ་རྒྱུར་ཕན་པའི་ངོས་འཛིན་བྱས་པ་རེད།

“བྱ་བ་དང་པོ་སྒྲུབ་ཕོད་མཁན”ནི་ཤུག་ལུང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ལི་གཡོད་ཀྲེ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཧྲེང་ཅིན་ཡིན་པ་རེད། ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱི་མཐུན་སྦྱོར་ལ་བརྟེན་ནས་གྲོང་གསེབ་ཡིད་རྟོན་ཁང་གིས་དངོས་པོ་གཏའ་མར་ཉར་བའི་ཐོག་ནས་ཁོང་གཉིས་སོ་སོར་སྒོར་ཁྲི་25དང་སྒོར་ཁྲི་30གཡར་བ་དང་། གཏའ་མ་ནི་ཁོང་གཉིས་ཀྱིས་དངུལ་བུན་གྱིས་ཉོ་རྒྱུའི་མ་མོ་170དང་210དག་ཡིན་པ་རེད།

ལོ་གཅིག་གི་རྗེས་སུ། ལི་ཧྲེང་ཅིན་དང་ལི་གཡོད་ཀྲེས་ཉོས་པའི་མ་མོ་དག་ལ་ལུ་གུ་བརྒྱ་ལྷག་སྐྱེས་ཏེ་ཁེ་སྤོགས་སྒོར་ཁྲི་10བྱུང་བ་རེད། གཉེར་སྐྱོང་དེ་ལྟར་ཐུབ་ཚེ་ལོ་གཅིག་ལ་མ་གནས་ལོག་ཐུབ་རྒྱུ་ཡིན་པ་རེད།

2018ལོའི་ལོ་མཇུག་ཏུ་ཤུག་ལུང་གྲོང་ཚོར་དངུལ་བུན་གཡོར་བའི་མཐོ་རླབས་ཤིག་འཕྱུར་བ་དང་། ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས་གྲོང་གསེབ་ཡིད་རྟོན་ཁང་དང་མཐུན་སྦྱོར་བྱས་ཏེ་དབུལ་སྐྱོར་གྱི་སྐྱེད་ཀ་3.3%ལྟར་བོད་རིགས་མང་ཚོགས་ཀྱི་ཐེམ་དུད་36ལ་ཐེངས་གཅིག་ཏུ་དངུལ་བུན་སྒོར་ཁྲི་500ཙམ་གཡར་ཡོད།

གསོ་ཚགས་མཁན་གྱིས་སེམས་ཁྲལ་བྱེད་པའི་ནོར་ལུག་གི་རིམས་ནད་དང་དགུན་དུས་གཟན་ཆག་འགན་ལེན་གྱི་དཀའ་ངལ་གཉིས་ལ་དམིགས་ནས། ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས་མཐུན་སྦྱོར་བྱས་པ་བརྒྱུད་གྲོང་ཁྱེར་དང་ཤང་གི་ཕྱུགས་རིགས་ལག་རྩལ་པས་གྲོང་ཚོའི་ས་གནས་ས་ཐོག་ཏུ་ཡོང་ནས་མཛུབ་ཁྲིད་བྱས་པ་མ་ཟད། ཕྱུགས་རིགས་ནད་དཔྱད་མཐུན་སྦྱོར་གྱི་འབྲེལ་ལམ་ལམ་སྲོལ་བཙུགས་པ་དང་སྦྲགས་རྫོང་ཞིང་འབྲོག་ཅུས་ལ་འགྲོ་གྲོན་སྒོར་ཁྲི་86འདུན་ཞུ་བྱས་ནས་ད་ཡོད་ཀྱི་གསོ་ཚགས་ར་བ་ཚད་ལྡན་ཅན་དང་གནོད་འཚེ་མེད་པར་སྒྱུར་བཀོད་ཀྱང་བྱས་པ་རེད།

2019ལོའི་དབྱར་ཁར་ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས་ཡང་བསྐྱར་རྒྱལ་ཁབ་ས་ཆ་ཅུས་ལ་མཐུན་སྦྱོར་བྱས་ནས་མ་དངུལ་སྒོར་ཁྲི་220བརྩོན་ལེན་བྱས་པ་དག“ལྡེབས་ཞིང་སྐས་ཞིང་དུ་བསྒྱུར་བའི”རྣམ་གྲངས་ལ་སྤྱད་པ་དང་། དཔྱིད་དུས་ས་གཞི་རིམ་གྱིས་དྲོས་པ་ན་ས་རྐོ་བྱེད་འཕྲུལ་འཁོར་དང་སྔོག་འདོན་འཕྲུལ་འཁོར་བརྒྱ་ལྷག་ཞིང་ཁར་བསྐྱོད་དེ་དམག་དམངས་སེམས་པ་གཅིག་སྒྲིལ་ངང་ཕྱུག་འགྱུར་ལམ་བུར་སྐྱོད་པའི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།

དགུན་མ་ཚུགས་གོང་། ཤུག་ལུང་གྲོང་ཚོའི་རི་ལྡེབས་སུ་འཕྲུལ་འཁོར་གཏོང་ཐུབ་པའི་སྐས་ཞིང་མུའུ་990གསར་སྦོལ་བྱས་པ་རེད། འཕྲུལ་ཆས་ཅན་མངོན་འགྱུར་བྱ་ཆེད་ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས་མ་དངུལ་བཏང་ནས་ཤུག་ལུང་གྲོང་ཚོར་ཐོ་ཕྲུག་དང་རྨོ་འདེབས་འཕྲུལ་ཆས་སོགས་ཞིང་འཕྲུལ་སྒྲིག་ཆས་ཉོས་པ་རེད།

ནོར་ལུག་དགུན་སྒྲོལ་ལ་མཁོ་བའི་གཟན་རྩྭ་སྔོན་མོ་ཕུད། གྲོང་ཚོ་ཡོངས་སུ་ད་དུང་གཟན་རྩྭ་སྔོན་མོ་ལྷག་མ་ཏུན་40ལྷག་ཡོད་ལ། ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས་ཡུལ་བབ་དང་བསྟུན་ཞིང“ཕག་པ་གསོ་ཚགས་ཀྱི་སྲིད་ཇུས”ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཤུག་ལུང་གྲོང་ཚོར་མ་དངུལ་སྒོར་ཁྲི་90བཏང་ནས་ཕག་པ་200ཤོང་བའི་ཕག་གསོ་ར་བ་ཞིག་བརྒྱབ་སྟེ་ཕྱིར་གླ་པ་རྒྱུག་པར་འགྲོ་མི་ཐུབ་པའི་ཡུལ་མིའི་ལས་ཞུགས་བཀོད་སྒྲིག་བྱས་པ་རེད།

དངུལ་བུན་གཡར་བ་ལས་ཤུག་ལུང་གྲོང་ཚོའི་ཡུལ་མིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཞིང་། ན་ནིང་ཡུལ་མི་ཚོས་ལུག་ཤ་བཙོངས་པར། སིལ་འཚོང་བརྒྱབ་པ་ལས་ལུག་རེ་ནས་སྒོར་200གྱོང་གུན་རག་གི་ཡོད། དེར་བརྟེན་ཉེན་ཟོན་བདེ་སྲུང་ཁུལ་གྱིས་གློག་སྒུལ་གཏུབ་གྲི་ཉོས་ནས་ཤུག་ལུང་གྲོང་ཚོར་བཤས་ཁང་བཙུགས་ལ། གཅིག་སྡུད་ཐོག་བཙོངས་བས་རིན་གོང་ཆག་པའི་གནས་ཚུལ་སྔོན་འགོག་བྱ་ཆེད། ཁོང་ཚོས་གྲོང་ཚོར་ལུག་300ཤོང་བའི་འཁྱགས་གཏོང་མཛོད་ཁང་ཞིག་ཀྱང་བརྒྱབ་པ་རེད།

ཤ་རིགས་ཀྱི་ཁྲོམ་ར་རྒྱ་བསྐྱེད་ནས་མིང་གྲགས་ཆེ་རུ་གཏོང་ཆེད། ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱིས“ཤུག་ལུང་གྲོང་ཚོའི་རྩྭ་གཟན་ལུག”ཅེས་པའི་སྤུས་རྟགས་གཏོད་རྒྱུར་རོགས་རམ་ཡང་བྱས་པ་རེད།

“ལོ་གསུམ་བསྟུད་མར་རོགས་སྐྱོར་བྱས་པ་བརྒྱུད་ཤུག་ལུང་གྲོང་ཚོའི་གསོ་ཚགས་ཐོན་ལས་ལ་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་འཚོང་བཅས་གཞི་གཅིག་ཏུ་འདུས་ཤིང་། མང་ཚོགས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཡང་མ་ཟིན་པ་ནས་འཕྲལ་མར་སྒོར་12000བར་མང་དུ་སོང་ཡོད། འབྱོར་འབྲིང་ལམ་དུ་སྐྱོད་བཞིན་པའི་ཁོང་ཚོས་ད་དུང་མུ་མཐུད་མདུན་སྐྱོད་བྱེད་བཞིན་ཡོད”ཅེས་ཟི་ལིང་ཉེན་ཟོན་བདེ་སྲུང་ཁུལ་གྱི་སི་ལིང་ཡོན་ལིའུ་ཞང་གིས་བཤད།

(པ་སངས་ཚེ་རིང་གིས་བསྒྱུར་ནས་ཞུས)