《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

བོད་ལྗོངས་ཀྱིས།

གཞི་ཁྱོན་ཆེ་ཤོས་ཀྱི་བོད་གློག་ཕྱིར་གཏོང་གི་གྲོས་མཐུན་བཞག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི“2021—2023ལོ་བར་ཆན་ཝ་ཆུ་ཚོད་དུང་ཕྱུར་61གི་བོད་ཀྱི་ནུས་རྒྱུ་གཙང་མའི་བསྡུ་ཉར་གཙང་སེལ་སྒྲོམ་གཞིའི་གྲོས་མཐུན”གྱི་གན་འཇོག་མཛད་སྒོ་སི་ཁྲོན་ཁྲེང་ཏུར་འཚོགས་པ་རེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་གློག་ཤུགས་ཀུང་སིའི་འཐུས་མིས་མཉམ་དུ་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་དེ་ནི་མིག་སྔར་བོད་གློག་ཕྱིར་གཏོང་གི་གན་འཇོག་གཞི་ཁྱོན་ཆེ་ཤོས་དང་། དཔལ་འབྱོར་ཕན་འབྲས་ཆེ་ཤོས། ལོ་འཁོར་གྱི་བོད་གློག་བསྡུ་ཉར་གཙང་སེལ་གྱི་ཞིང་ཆེན་མང་ཤོས་བཅས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་61ཟིན་པ་དང་། གྲོས་མཐུན་ལ་གཞིགས་ན། 2021ལོ་ནས་2023ལོ་བར་ཡ་ཀྲུང་དང་། ཀྲའོ་དབྱི། ཆིང་ཡུས། ལིན་ཧྲའོ་སོགས་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་ལམ་མང་པོ་བརྒྱུད་ལོ་རེ་བཞིན་ཆན་ཝ་ཆུ་ཚོད་དུང་ཕྱུར་20དང་། ཆན་ཝ་ཆུ་ཚོད་དུང་ཕྱུར་20 ཆན་ཝ་ཆུ་ཚོད་དུང་ཕྱུར་21བཅས་ཀྱི་བོད་ཀྱི་ཆུ་གློག་དང་འོད་ཤུགས་གློག་སོགས་ནུས་རྒྱུ་གཙང་མ་པེ་ཅིང་དང་། ཧོ་པེ། ཧྲན་ཏུང་། ཧྲང་ཧའེ། ཀྲེ་ཅང་། ཨན་ཧུའེ། ཧུའུ་པེ། ཧོ་ནན། ཅང་ཤིས། ཧྲའན་ཤིས། ཁྲུང་ཆིང་སོགས་དབུས་ཤར་རྒྱུད་ཀྱི་ཞིང་ཆེན(གྲོང་ཁྱེར)11གིས་བསྡུ་ཉར་གཙང་སེལ་བྱ་རྒྱུ་ཡིན་པ་རེད། གྲོས་མཐུན་བཞག་པ་དེས་དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་ཚད་ལྡན་རྡོ་སོལ་ཟད་གྲོན་ཏུན་ཁྲི་183དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་608ཉུང་དུ་གཏོང་རྒྱུར་ཕན་པ་ཡོད་པ་དང་། སྔོན་དཔག་བྱས་ན་བོད་ལྗོངས་ས་ཁུལ་ལ་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་16ཙམ་གཏོད་རྒྱུ་ཡིན་པ་རེད།

བོད་འདི་ཉིད་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། རླུང་གློག་དང་འོད་ཤུགས་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་རྒྱུན་མཐུད་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་རེད། འོན་ཀྱང་རང་ངོས་ཀྱི་བསྡུ་ཉར་གཙང་སེལ་ནུས་པ་དང་། དམིགས་ཚད་ཁྲོམ་ར། གློག་འདྲེན་ལམ་བུ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་བོད་ཀྱི་ནུས་རྒྱུ་གཙང་མ་ལྷག་མ་དག་ཕྱིར་གཏོང་དང་བསྡུ་ཉར་གཙང་སེལ་བྱེད་དཀའ་བར་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་ཡོངས་ནས་བོད་ཀྱི་གཅིག་གྱུར་གློག་དྲ་བསྐྲུན་རྒྱུ་དང་། བོད་ཀྱི་གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ། ནུས་རྒྱུ་གཙང་མ་བཟང་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལོ་མང་གི་ལས་ཀའི་གཙོ་གནད་དུ་བརྩིས་ནས“སྲིད་ཇུས་དང་ཁྲོམ་ར་ཟུང་དུ་འབྲེལ་བའི”འདུ་ཤེས་གཞིར་བཟུང་། བོད་ཀྱི་ནུས་རྒྱུ་གཙང་མ་ཕྱིར་གཏོང་དང་བསྡུ་ཉར་གཙང་སེལ་གྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་བཙུགས་ཏེ། བོད་ཀྱི་ནུས་རྒྱུ་གཙང་མ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནུས་ལྡན་ངང་བསྡུ་ཉར་གཙང་སེལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། འགག་སྒྲོལ་དཀའ་སེལ་གྱིས་བོད་དབུས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་བོད་གློག་ཕྱིར་གཏོང་ནུས་པ་ཆེ་རུ་ནུས་ལྡན་བཏང་ནས་བོད་ཀྱི་ཆུ་དང་། རླུང་། འོད་བཅས་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། མཚོ་བོད་དང་། ཁྲོན་བོད། བོད་དབུས་སོགས་ཀྱི་སྔར་ཡོད་བགྲོད་ལམ་གྱི་གློག་འདྲེན་ནུས་པ་འདོན་སྤེལ་གང་ལེགས་དང་ཁྲོམ་ར་ཅན་གྱི་ཉོ་ཚོང་ཧུར་ཐག་བྱས་ཏེ་བོད་གློག་ཕྱིར་གཏོང་གི་ཉོ་ཚོང་གཞི་ཁྱོན་རྒྱ་ཆེར་བཏང་ཡོད། “བོད་གློག་པེ་ཅིང་དུ་གཏོང་བ”དང་། “བོད་གློག་ཧུའུ་པེར་གཏོང་བ” “བོད་གློག་ཞུང་ཨན་དུ་གཏོང་བ”སོགས་སྔ་རྗེས་སུ་མངོན་འགྱུར་བྱུང་བ་དང་། “བོད་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་16.3ཁྲུང་ཆིང་དུ་གཏོང་བ”དང་། ཞིང་ཆེན་དང་གྲོང་ཁྱེར་12ཀྱི་ཆན་ཝ་ཆུ་ཚོད་དུང་ཕྱུར་14ཡི་གློག་ཤུགས་བོད་སྐྱོར། ཆན་ཝ་ཆུ་ཚོད་དུང་ཕྱུར་16གི་བོད་གློག་ཕྱིར་གཏོང་གི་སྒྲོམ་གཞིའི་གྲོས་མཐུན་ལ་སྔ་རྗེས་སུ་མིང་རྟགས་བཀོད་ནས་བོད་ཀྱི་ནུས་རྒྱུ་གཙང་མ་དེ་ཧྭ་ཤར་དང་། ཧྭ་དབུས། ཧྭ་བྱང་། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ནུས་ལྡན་ངང་བསྡུ་ཉར་གཙང་སེལ་བྱས་པ་རེད། 2016ལོ་ནས་2019ལོའི་བར། ལོ་འཁོར་དུ་བོད་ཀྱི་གློག་ཕྱིར་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་8.89དང་། ཆན་ཝ་ཆུ་ཚོད་དུང་ཕྱུར་9.42 ཆན་ཝ་ཆུ་ཚོད་དུང་ཕྱུར་8.57 ཆན་ཝ་ཆུ་ཚོད་དུང་ཕྱུར་16.96བཅས་སོ་སོར་ཟིན་ཡོད་པ་རེད།