《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月16日

ལེ་སི་ཐོ་དང་ཨན་ཀོ་ལར་རོགས་སྐྱོར་བྱེད་པར་སྐྱོད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལས་འགན་ལེགས་པར་བསྒྲུབས་ནས་ཝུའུ་ཧན་ལ་ལོག་པ།

ཧྥན་ཧའོ་ཐན་དང་ལིའོ་ཡོན།

“གཞན་ལ་ང་ཚོའི་རོགས་སྐྱོར་དགོས་ཚེ། ངས་རང་ཉིད་ཀྱི་ནུས་པ་གང་ཡོད་འདོན་འདོད་ཡོད། ད་ཆ་བསམ་དོན་ཡིད་བཞིན་གྲུབ་སོང” ཞེས་ཟླ་11ཚེས་5ཉིན་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་ལས་འགན་ཡོངས་སུ་བསྒྲུབས་པའི་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅིས་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་གི་འགོ་ནད་དོ་དམ་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་ཐན་ལིས་སེམས་འགུལ་ཐེབས་བཞིན་དུ་བཤད།

ལེ་སི་ཐོ་དང་ཨན་ཀོ་ལར་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པར་རོགས་རམ་བྱ་ཆེད། ཀྲུང་གོས་རྒྱལ་ཁབ་དེ་གཉིས་ལ་རིམས་འགོག་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ཤིང་། དེ་དག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་དང་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མངགས་པ་རེད། ཟླ་9ཚེས་27ཉིན་ཐན་ལི་ཚུད་པའི་ཐུང་ཅིས་སྨན་ཁང་དང་། ཧུའུ་པེ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་། ཧུའུ་པེ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། ཝུའུ་ཧན་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སོགས་ཚན་པའི་རིགས་གཅིག་མཁས་ཅན10ལས་གྲུབ་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལེ་སི་ཐོ་དང་ཨན་ཀོ་ལར་བསྐྱོད།

ལེ་སི་ཐོ་དང་ཨན་ཀོ་ལར་སླེབས་རྗེས་ལེ་སི་ཐོའི་འཕྲོད་བསྟེན་པུའུ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་དམིགས་འཛུགས་སྨན་ཁང་། རྒྱལ་ཁབ་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་། ལེ་སི་ཐོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་ཚབ་ཁྲུའུ་བཅས་ལ་སྔ་རྗེས་སུ་བསྐྱོད་དེ་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་དང་འབྲེལ་སྡེ་ཁུལ་གྱི་རིམས་འགོག་མི་སྣ་དང་སྨན་དོན་མི་སྣར་གསོ་སྦྱོང་བྱས་པ་མ་ཟད། ལེ་སི་ཐོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་། ལེ་སི་ཐོར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་འཆད་ཁྲིད་བྱས་ལ། ལེ་སི་ཐོར་རོགས་སྐྱོར་བྱེད་མཁན་ཧུའུ་པེ་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་གནས་ཡུལ་ལའང་བསྐྱོད་དེ་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་མཛུབ་ཁྲིད་དང་རོགས་རམ་ཡང་བྱས་པ་རེད།

ཨན་ཀོ་ལར་རིམས་འགོག་སྨན་བཅོས་བྱེད་པར་སྐྱོད་མཁན་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་དམིགས་འཛུགས་སྨན་ཁང་དང་། སྟབས་བདེའི་སྨན་ཁང་། ལོ་ཨན་ཏ་ས་ཁུལ་གྱི་མེ་མིག་ཚོད་ལྟ་ཁང་བཅས་ལ་འཚམས་འདྲི་བྱས་ནས་དེ་གའི་སྨན་དོན་མི་སྣས་ནད་པ་སྐྱོབ་བཅོས་དང་། སྨན་དོན་མི་སྣའི་སྔོན་འགོག་དང་ཚོད་འཛིན། ཉིང་སྐྱུར་བརྟག་དཔྱད་དང་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་བརྗོད་གཞི་དང་འབྲེལ་བའི་སྤེལ་རེས་དང་མཛུབ་ཁྲིད་བྱས་ཤིང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་ཨན་ཀོ་ལའི་འཕྲོད་བསྟེན་པུའུ་ལ་འཚམས་འདྲི་བྱས་པ་དང་། ཨན་ཀོ་ལར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྒྲིག་གཞི་དང་དྲ་ཐོག་ནས་སྤེལ་རེས་བྱས་པ་མ་ཟད། ཀྲུང་གོ་ལྕགས་ལམ་ཅུས་བཞི་པའི་སྨན་ཁང་དང་། ཀྲུང་ཐེ་སྨན་ཁང་། ཨན་ཀོ་ལར་བཅའ་སྡོད་ཀྲུང་གོའི་སྨན་བཅོས་རུ་ཁག་སོགས་ལ་རྟོག་ཞིབ་དང་སྦྲགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་གསོ་སྦྱོང་གི་བྱེད་སྒོ་ཐེངས་མང་སྤེལ་བ་རེད།

རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཀྲུང་གོ་དང་ཧུའུ་པེས་རིམས་ནད་ལ་འགོག་རྒོལ་བྱས་པའི་ལག་ལེན་གྱི་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ་བརྟག་དཔྱད་སྙན་ཞུའི་རྣམ་པ་ནས་རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་པུའུ་ལ་རྒྱ་ཡིག་དང་དབྱིན་ཡིག་ཡི་གེའི་པར་མའི《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་ཁབ་ཀྱི་གྲོས་འགོའི་ཡི་གེ》སྤྲད་དེ། སྤྱི་ཚོགས་སུ་ལོགས་འཇོག་དང་། སྡེ་ཁུལ་གྲལ་བཤེར། ཉིང་སྐྱུར་བརྟག་དཔྱད། རིམས་ནད་ལྟ་ཞིབ་ཚད་ལེན། ནད་དཔྱད་སྐྱོབ་བཅོས་སོགས་ཀྱི་ཐད་ལ་གྲོས་འགོ་ཞིབ་ཕྲ་བཏོན་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)