《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月16日

ཡོ་རོབ་ཀྱིས་རིག་ལྡན་གྲོང་གསེབ་འཛུགས་སྐྲུན་རྣམ་ གྲངས་ལ་སྐུལ་འདེད་བཏང་བ།

པེར་ཀྲེམ་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཉིའུ་རུའེ་ཧྥེ།

མཉེན་ཆས་དང་མཁྲེགས་ཆས་རིམ་སྤོར་བྱས་པ་ལས་མི་དེ་བས་མང་བ་ས་ཞིང་དང་ཐག་ཉེ་རུ་ཕྱིན་པ།

ཡོ་རོབ་ཀྱི་དཔེ་མཚོན་གྲོང་གསེབ་ཀྱི་འཐུས་ཚབ་གྲོང་ཚོའི་ངོས་ནས། དེ་ཉིན་ཤས་གོང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི“དུས་རབས་21པའི་རིག་ལྡན་གྲོང་གསེབ”(གཤམ་དུ“རིག་ལྡན་གྲོང་གསེབ་21”ཅེས་པར་བསྡུ་རྒྱུ)རྣམ་གྲངས་ནང་བདམས་པ་རེད། རྣམ་གྲངས་དེའི་རྒྱབ་སྐྱོར་འོག་ས་གནས་དེ་གའི་སྲིད་གཞུང་གིས་ས་གནས་དེ་གའི་ཡུལ་སྐོར་གྱི་ཁ་པར་ཉེར་སྤྱོད་མཉེན་ཆས་ཤིག་གསར་སྤེལ་བྱས་ནས། ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ཁྱོན་ཡོངས་ནས་བསྡུ་སྒྲིལ་དང་ལེགས་སྒྲིག་བྱས་ཏེ་དེ་བས་སྟབས་བདེ་བའི་གྲངས་འཛིན་སྣེ་ཤན་ཞབས་འདེགས་མཁོ་འདོན་བྱ་རྒྱུ་རེད། ཡུལ་སྐོར་བས་མཉེན་ཆས་དེ་བརྒྱུད་དགའ་ཕྱོགས་ལ་གཞིགས་ནས་ཡུལ་སྐོར་ལམ་ཐིག་ཡག་ཤོས་གདམ་ཆོག་པ་དང་འབྲེལ་བཟའ་བཏུང་དང་ཞག་སྡོད་སྔོན་ནས་མངག་ཆོག་གི་ཡོད། “མཉེན་ཆས་དེས་ཡུལ་སྐོར་བའི་མིག་སྔའི‘དམིགས་ཡུལ་མེད་པའི’ཡུལ་སྐོར་དེ་དམིགས་ས་དང་འཆར་གཞིའི་རང་བཞིན་དེ་བས་ལྡན་པར་འགྱུར་ཐུབ”ཅེས་ས་གནས་དེ་གའི་འགན་འཁུར་བས་ངོ་སྤྲོད་བྱས།

2017ལོའི་ཟླ་4པར། ཡོ་རོབ་མནའ་འབྲེལ་གྱིས“རིག་ལྡན་གྲོང་གསེབ”ཀྱི་བྱ་སྤྱོད་སྤེལ་བ་དང་དེའི་དམིགས་ཡུལ་ནི་གྲངས་འཛིན་ཅན་དང་སྤྱི་ཚོགས་གསར་གཏོད་བརྒྱུད་ཡོ་རོབ་མནའ་འབྲེལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཞིང་པའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། གྲོང་གསེབ་ས་ཁུལ་དར་རྒྱས་གཏོང་ཆེད་རེད། སྒྲོམ་གཞི་འདིའི་འོག་2019ལོའི་ཟླ་12པར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་ལོ་གཉིས་དང་ལོ་ཕྱེད་ཀྱི“རིག་ལྡན་གྲོང་གསེབ་21”གི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཡོ་རོབ་མནའ་འབྲེལ་མངའ་ཁོངས་ཀྱི་གྲོང་ཚོ་800ལྷག་ཙམ་གྱིས་མིང་ཐོ་ཧུར་ཐག་བཀོད་ཡོད། རྣམ་གྲངས་ཀྱི་འགན་འཁུར་བ་ཨའེ་ཏི་ན·ཨའོ་ཁེ་སི་ཁེས་ངོ་སྤྲོད་བྱས་པར་གཞིགས་ན། གདམ་བྱའི་གྲོང་ཚོས་རང་ངོས་ཀྱི་ད་ཡོད་ཐོན་ཁུངས་དང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་མིག་སྔར་འཕྲད་པའི་འགྲན་སློང་དང་དཀའ་ངལ་ལ་དམིགས་ནས་ས་གནས་དེ་གའི་མང་ཚོགས་དང་འབྲེལ་གཏུག་བྱས་རྗེས། ལོ་3ནས་5བར་གྱི་འཕེལ་རྒྱས་འཆར་འགོད་ཅིག་ཆགས་པར་བྱས་ཡོད། རྣམ་གྲངས་ཚོགས་ཆུང་གིས་འཆར་འགོད་ལག་བསྟར་བྱེད་ཐུབ་མིན་དང་འཛུགས་སྐྲུན་གྱི་ཕན་འབྲས་ལ་དཔྱད་དཔོག་བྱས་མཐར། གྲོང་ཚོ་21བདམས་ཡོད། འཆར་འགོད་ལག་བསྟར་བྱེད་རིང་ཡོ་རོབ་མནའ་འབྲེལ་གྱི་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འཐོབ་ཀྱི་ཡོད།

“ས་ཞིང་ནི་མིའི་རིགས་འཚོ་གནས་ཀྱི་རྨང་གཞི་རེད། ཡིན་ན་ཡང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ས་ཞིང་གི་གལ་ཆེན་རང་བཞིན་ལ་སྣང་ཆུང་ཚབས་ཆེན་ཕོག་ཡོད། ‘རིག་ལྡན་གྲོང་གསེབ’ཀྱི་བྱ་སྤྱོད་ནི་མི་རྣམས་ཀྱིས་དང་ལེན་བྱེད་སླ་བའི་དེང་རབས་ཅན་གྱི་བྱེད་སྟངས་ཤིག་བརྒྱུད་དེ་མི་སྔར་ལས་མང་བ་ས་ཞིང་དང་ཐག་ཉེ་རུ་གཏོང་རྒྱུ”དེ་ཡིན། ཅེ་ཁེའི་ས་གནས་དེ་གའི་སྲིད་འཛིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ལོ་སོ་ཕུ·ཨའོ་ལི་ཝུའེ་ཡིས། ཅེ་ཁེའི་གྲོང་གསེབ་ས་ཁུལ་གྱིས་ཀྱང“རིག་ལྡན་གྲོང་གསེབ”འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་དང་འབྲེལ་གཙོ་གནད་དེ་ནུས་རྒྱུའི་ལས་ཕྱོད་མཐོ་རུ་གཏོང་བར་འཇོག་རྒྱུ་དང་། གྲོང་ཚོ་མང་པོ་ཞིག་གིས་རིག་ནུས་ཀྱི་སྤྱི་པའི་གློག་སྒྲོན་དང་རྒྱང་རིང་ཆུ་གྲོན་ཆུང་གི་ཇུས་གཞི་གསར་སྤེལ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

རིག་ལྡན་འཚོ་བར་སྟབས་བདེའི་ཞབས་འདེགས་དང་སྔོ་ལྗང་རི་ཀླུང་ལོངས་སུ་སྤྱོད་རྒྱུ་ཡོད་པ།

གྲོང་ཁྱེར་དང་བསྡུར་ན་ཡོ་རོབ་ཀྱི་གྲོང་གསེབ་ས་ཁུལ་མང་པོ་ཞིག་གི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་ཡོད། གྲོང་ཚོ་ཁག་གཅིག་གི་འཕྲིན་གཏོང་སྦྲེལ་ཚུགས་ཧ་ཅང་ཉམས་ཞན་ཡིན་པ་དང་ལག་ཐོགས་ཁ་པར་དང་དྲ་རྒྱའི་བརྡ་རྟགས་ཀྱང་བརྟན་པོ་མེད། “རིག་ལྡན་གྲོང་གསེབ”འཛུགས་སྐྲུན་གྱི་གཙོ་གནད་གྲས་ཤིག་ནི་གྲོང་གསེབ་ས་ཁུལ་གྱི་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དེ་རེད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས། 2020ལོ་ནི་ཡོ་རོབ་ཀྱི་གྲངས་འཛིན་ཅན་ལོ་10ཡི་དུས་འགོའི་ལོ་རེད། ཡོ་རོབ་མནའ་འབྲེལ་གྱི“སླར་གསོའི་ཐེབས་རྩའི”ཁྲོད་ཀྱི་1/5ཡོ་རོབ་མནའ་འབྲེལ་གྱི་གྲངས་འཛིན་ཅན་འཛུགས་སྐྲུན་ལ་སྤྱོད་པའི་ནང་གཙོ་གནད་ནི་གྲོང་གསེབ་ས་ཁུལ་དུ་གྲངས་འཛིན་ཅན་ཁྱབ་གདལ་རྒྱ་ཁྱབ་གཏོང་རྒྱུ་དེ་རེད་ཅེས་བརྗོད།

ཧྥིན་ལན་གྱི་ཨེ་སི་ཁ་ལ་ཟེར་བའི་གྲོང་ཚོ་ཞིག་བདམས་ཐོན་བྱུང་བའི་གྲོང་ཚོའི་གྲས་ཡིན་པ་དང་འདི་གསོམ་ཤིང་ནགས་ཚལ་གྱིས་བསྐོར་བའི་ལུང་ཁུག་ཏུ་གནས་ཡོད། གྲོང་ཚོ་དེར་ལོ་6ནས་12བར་གྱི་བྱིས་པ་14ལས་མེད་པས་ཨེ་སི་ཁ་ལའི་སློབ་གྲྭ་2014ལོའི་ལོ་མཇུག་ཏུ་སྒོ་བརྒྱབ་དགོས་བྱུང་། ཁྱིམ་བདག་ཚོས་མཉམ་དུ་སློབ་གྲྭ་ཞིག་བཙུགས་ཀྱང་། ཐོན་ཁུངས་ལ་ཚད་བཀག་ཡོད་པའི་དབང་གིས་སློབ་ཁྲིད་ཀྱི་ཕན་འབྲས་ཡག་པོ་ཐོན་མེད། “རིག་ལྡན་གྲོང་གསེབ་21”གི་རྣམ་གྲངས་རོགས་སྐྱོར་འོག་ཨེ་སི་ཁ་ལ་ཡི་སློབ་གྲྭར་གྲངས་འཛིན་ཅན་གྱི་སྒྱུར་བཀོད་བྱས་པ་དང་ད་དུང་བར་ཐག་སྤྱི་ལེ་500ལྷག་ཙམ་ཆོད་པའི་ལ་པན་ཅ་ཝུའེ་གཞུང་བཙུགས་སློབ་གྲྭ་དང་མཉམ་ལས་བྱས་ཏེ་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་ཀྱི་ཡོད།

ཅེ་ཁེའི་ས་གནས་དེ་གའི་སྲིད་འཛིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧ་ཏི་སྨི·སའེ་སེན་གྱིས། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་དོན། གྲོང་གསེབ་ས་ཁུལ་དུ་ངེས་པར་དུ་གྲངས་འཛིན་ཅན་གྱི་ལག་རྩལ་སྤྱོད་དགོས། དེ་བས་བརྟན་པ་དང་སྔོན་ཐོན་གྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་ས་གནས་དེ་གའི་གྲོང་མིར་ཞབས་འདེགས་ཞུ་བ་ནི་ཁོ་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་ཕྱོགས་གལ་ཆེན་ཞིག་རེད་ཅེས་བརྗོད།

རིག་ནུས་ཐོན་སྐྱེད་ཀྱིས“གནམ་ཆུར་བརྟེན་ནས་འཚོ་ཐབས་བྱེད་པ”མཇུག་འགྲིལ་བ།

གནད་སྨིན་ཞིང་ལས་དང་རིག་ནུས་ཐོན་སྐྱེད་ནི“རིག་ལྡན་གྲོང་གསེབ”འཛུགས་སྐྲུན་གྱི་ཕྱོགས་གལ་ཆེན་ཞིག་རེད། “‘རིག་ལྡན་གྲོང་གསེབ’འཛུགས་སྐྲུན་ནི་ཡུན་རིང་གི་འདུ་འགོད་ཅིག་ཡིན་པས། ཡོ་རོབ་མནའ་འབྲེལ་དང་རྒྱལ་ཁབ་རིམ་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། དམངས་ཚོགས་ཧུར་ཐག་ཞུགས་པ་ཡང་ཧ་ཅང་གལ་ཆེན་པོ་རེད”ཅེས་སའེ་སེན་གྱིས་བཤད། ཡོ་རོབ་མནའ་འབྲེལ་གྱི་རྣམ་གྲངས་ཕུད། ཡོ་རོབ་ཀྱི་གྲོང་གསེབ་ས་ཁུལ་དང་ཁེ་ལས་མི་ཉུང་བ་ཞིག་གིས་ཚོད་ལྟ་ཧུར་ཐག་བྱས་ནས“རིག་ལྡན་གྲོང་གསེབ”ཀྱི་ཐོན་ལས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཉམས་མྱོང་སྐྱེས་སུ་ཕུལ་ཡོད།

ཀེ་རི་སེའི་ཁི་ལི་ཐི་གླིང་ཕྲན་ལ་སྐྱུ་རུ་ར་འདེབས་པའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། གླིང་ཕྲན་དུ་སྐྱུ་རུ་རའི་ཤིང་སྡོང་ཁྲི་3000ཙམ་ཡོད་པ་དང་། འགའ་ཤས་ད་དུང་ལོ་500ཡན་སླེབས་ཡོད། གྲོང་མི་ཅ་ཉི་སི·ཅ་ཉི་ཡ་ཐི་ཁའེ་སི་ཁྱིམ་རྒྱུད་ཀྱི་མི་རབས་འགས་སྐྱུ་རུ་ར་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་པའི་དབང་གིས་ཁྱིམ་རྒྱུད་ཀྱིས་སྲོལ་རྒྱུན་ལྟར་ཆུ་བཏང་བ་དང་ལུད་བརྒྱབ་ཀྱང་སྐྱུ་རུ་རའི་སྐྱེ་ཚུལ་སྔོན་དང་མི་འདྲ་བས་ཁོ་ཚོར་གནོན་ཤུགས་ཆེན་པོ་ཕྲད་ཡོད།

ཞིང་དུད་ལ་སྐྱུ་རུ་རའི་ཤིང་གི་སྤྱི་ཡོངས་ཀྱི་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་རོགས་བྱ་ཆེད། ཨ་ཐེན་སི་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་པ་དབྱི་དབན་ཀེ་ལོ་སི·ཨན་ན་སི་ཐ་སོ་སིས་འོད་རིམ་མང་བའི་པར་ཆས་བསྒར་བའི་མི་མེད་གནམ་གྲུ་ཞིག་གསར་སྤེལ་བྱས་ཡོད། མིག་སྔར་དེ་ཚོད་ལྟ་བྱེད་བཞིན་པའི་སྒང་རེད། “མི་མེད་གནམ་གྲུ་དེ་ཕྲ་མཐོང་ཆེ་ཤེལ་དང་འདྲ་བར་ཤིང་སྡོང་ཁྲི་ཕྲག་ཁྲོད་ནས་ཤིང་སྡོང་གང་ཞིག་ལ་ནད་འབུའི་གནོད་འཚེ་ཚབས་ཆེན་ཕོག་པ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད།

གནད་སྨིན་ཞིང་ལས་ལས་སྐྱུ་རུ་ར་འདེབས་འཛུགས“གནམ་ཆུར་བརྟེན་ནས་འཚོ་ཐབས་བྱེད་པ”མཇུག་འགྲིལ་ནས་ཞིང་དུད་ལ་རང་བདག་དབང་ཆ་ཡོད་པ་རེད། “གནད་སྨིན་ཞིང་ལས་ཀྱིས་ཆུ་ལུད་ཀྱི་ཐོན་ཁུངས་གྲོན་ཆུང་ཐུབ་པ་མ་ཟད། ཞིང་ལས་ཐོན་ཟོག་གི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་ཞིང་པའི་ལས་ཀའི་ཆ་རྐྱེན་ཡང་ལེགས་སུ་གཏོང་ཐུབ། དངུལ་དེ་གཏོང་རིན་ཆོག་པ་འདུག”ཅེས་ས་གནས་དེ་གའི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་པུའི་འགན་འཁུར་བ་ཨན་ཏུང་ཉི་སི·ཕ་ཧ་སོ་ཕུའུ་སོ་ལོ་སིས་བརྗོད།

སུའེ་ཏེན་གྱི་གསོ་སྤེལ་ར་བ་ཁ་ཤས་སུ་ཕྱུགས་ཟོག་གི་རྣ་བར་བདེ་ཐང་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་གྱི་ཡོ་ཆས་བཏགས་ཡོད་པ་དང་དེས་དུས་དང་རྣམ་པ་ཀུན་ཏུ་སྙིང་གི་འཕར་ཚད་དང་ལུས་དྲོད་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། ལྟ་ཞིབ་ཚད་ལེན་ཡོ་ཆས་གསར་སྤེལ་བྱེད་མཁན་སུའེ་ཙེར་གྱི་གློག་རྡུལ་དང་གློག་རྡུལ་ཕྲ་རབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁེ་ལི་སི་ཐོ་ཕུ·ཧྥན་ཨེར་ཡུས་སིས་གསར་འགོད་པར། ལྟ་ཞིབ་ཚད་ལེན་ཡོ་ཆས་བརྒྱུད་ཞིང་པས་ཕྱུགས་ཟོག་གི་གཟུགས་པོའི་གནས་ཚུལ་ཁོང་དུ་ཡང་དག་ཆུད་ཐུབ་པ་དང་འབྲེལ་དེའི་བདེ་ཐང་གནས་ཚུལ་ལ་གཞིགས་ནས་གཟན་ཆག་བཀོད་སྒྲིག་ཞིབ་ཚགས་བྱ་ཆོག་ཅེས་བརྗོད།

གནད་སྨིན་ཞིང་ལས་ལ་བཀོལ་སྤྱོད་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། ཚོད་དཔག་བྱས་པ་ལྟར་ན། 2025ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གནད་སྨིན་ཞིང་ལས་ཀྱི་ཐོན་སྐྱིད་རིན་ཐང་མིག་སྔའི་རྨང་གཞིའི་ཐོག་ལྡབ་གཅིག་འཕར་བ་དང་ཡོར་སྒོར་དུང་ཕྱུར་160ལས་བརྒལ་སྲིད། “ཞིང་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དེ་དམངས་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་སྲུང་སྐྱོང་དང་ཡོ་རོབ་མནའ་འབྲེལ་གྱི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏི་མོ་མན་སིས་བརྗོད། (བདེ་དབང་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)