《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི“ཀྲུང་ལུགས་དང་བོད་ལུགས་གསོ་རིག” གིས་མ་བུའི་བདེ་ཐང་སྲུང་བ།

ཀྲང་ཐེན་ཕུའུ། ཧན་མིང་མའོ།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་རྒྱ་ཆེ་ཤོས་ཀྱི་མི་རིགས་རང་སྐྱོང་ཀྲོའུ་ཞིག་རེད། ཀྲོའུ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་32.58ཡོད་པ་དེ་ནི་ཀྲེ་ཅང་སྐམ་སའི་རྒྱ་ཁྱོན་གྱི་ལྡབ་གསུམ་ཡིན་མོད། འོན་ཀྱང་རྒྱུན་སྡོད་མི་འབོར་ཁྲི་60ཙམ་ལས་མེད།

ས་རྒྱ་ཆེ་ལ་མི་འབོར་ཉུང་བས། ཇི་ལྟར་ཀྲོའུ་དེའི་མངའ་ཁོངས་ཀྱི་གཞི་རྩའི་སྨན་བཅོས་ཁྱོན་ཡོངས་ལ་ཇི་ལྟར་ཁྱབ་པར་བྱེད་དགོས་སམ། ལྷག་པར་དུ་བུད་མེད་དང་བྱིས་པའི་དམིགས་བསལ་ཚོགས་སྤྱིར་འཕྲོད་བསྟེན་བདེ་ཐང་འགན་ལེན་ཇི་ལྟར་བྱེད་དགོས་སམ།

དེར་དམིགས་ནས། མཚོ་ནུབ་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡན་ཡན་གྱིས་གསར་འགོད་པར“ཐབས་མཆོག”གསུམ་ངོ་སྤྲོད་བྱས་པ་སྟེ། ཆ་འཕྲིན་ཅན་གྱི་དྲ་རྒྱའི་ལས་སྟེགས་བཏོད་དེ་ཀྲོའུ་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་སྨན་བཅོས་སྒྲིག་གཞི་ཚང་མར་དྲ་བ་གཅིག་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་རོགས་སྐྱོར་བྱས་ཏེ་ཁྱིམ་ཚང་སྨན་པར་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་ཀྱི་ཐུན་མོང་སྒྲིག་གཞི་དང་བདེ་ཐང་ལས་དོན་སྒྲིག་གཞིའི་མཉམ་འབྲེལ་མ་ལག་བཙུགས་ཏེ་རིམ་དབྱེའི་ནད་བརྟག་སྨན་བཅོས་དང་། གོང་འོག་སྨན་བཅོས་མཉམ་འགུལ། རྒྱང་ཁྲིད་ནད་དཔྱད་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྩེར་སོན་གྱི་རིགས་གཅིག་མཁས་ཅན་གཞི་རིམ་ལ་མངགས་རྒྱུ་བཅས་རེད།

སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པས་མི་རིགས་ཀྱི་གསོ་རིག་གང་སར་ཁྱབ་པ།

མཚོ་ནུབ་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཧའེ་ཡོན་གྱིས་ངོ་སྤྲོད་བྱས་དོན། མི་རིགས་ཀྱི་གསོ་རིག་བྱ་གཞག་གང་སར་ཁྱབ་ཆེད། མཚོ་ནུབ་ཀྲོའུ་ཡིས་མི་རིགས་ཀྱི་གསོ་རིག་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2016ལོ་ནས་བཟུང་། ཁྱོན་མ་དངུལ་སྒོར་ཁྲི་7260བཏང་སྟེ་མཚོ་ནུབ་ཀྲོའུ་སོག་རིགས་བོད་རིགས་སྨན་རྩིས་ཁང་གི་ཕྱོགས་བསྡུས་ཐོག་ཁང་དང་། ཐེམ་ཆེན་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་སོགས་གསར་སྐྲུན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གས་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་སྨན་ཁང་གི་ཕུགས་ཕན་མ་དངུལ་འཇོག་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ལོ་ལྟར་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཁ་གསབ་མ་དངུལ་དང་། མི་རིགས་སྨན་ཁང་གི་གཙོ་གནད་ཆེད་ཚན་འཛུགས་སྐྱོང་རྣམ་གྲངས་ཀྱི་མ་དངུལ་སོགས་གཤམ་ལ་སྤྲད་པ་དེ་དག་མི་རིགས་གསོ་རིག་སྨན་ཁང་གི་རིག་ཚན་འཛུགས་སྐྱོང་དང་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་ཐད་སྤྱད་ཡོད།

བྱེ་ཐང་དུ“སྨན་རྩྭ་སྣ་འཛོམས་ལྡུམ་ར”བསྐྲུན་པ།

ད་ཆའི་གོར་མོར་ལྗོན་པའི་བསིལ་གྲིབ་གང་སར་བརྒྱན་པ་མ་ཟད། ད་དུང་སྨི་ངོས་གྲུ་3600ཡོད་པའི་སྨན་རྩྭ་འདེབས་འཛུགས་གླིང་ཞིག་ཡོད་པ་དེར་ཚང་མས་སྙིང་ཉེ་བའི་སྒོ་ནས“སྨན་རྩྭ་སྣ་འཛོམས་ལྡུམ་ར”ཞེས་འབོད་ཀྱི་ཡོད། དབྱར་གཞུང་དུ་སྨན་རྩྭའི་དྲི་ཞིམ་གང་སར་འཐུལ་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

“སྨན་རྩྭ་སྣ་འཛོམས་ལྡུམ་ར”ནི་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཁོངས་སུ་གཏོགས་ཤིང་། 2017ལོ་ནས་བཟུང་། སྨན་ཁང་དེས་རྒྱལ་ཁབ་ཀྱིས་ཀྲུང་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་བའི་འབོད་སྐུལ་འོག་སྨན་བཅོས་སྒྱུར་བཅོས་ཀྱི་དུས་བབ་དང་བསྟུན་ནས། ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། སྔོན་ཐོན་གྱི་ཀྲུང་ལུགས་གསོ་རིག་གི་སྤྱོད་གོ་ཆོད་པའི་ནད་བརྟག་སྨན་བཅོས་སྒྲིག་ཆས་59ཉོས་ཡོད།

“རང་ཉིད་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་འདིར་ཡིད་ཆེས་ཆེན་པོ་ཡོད། ཀྲུང་ལུགས་སྨན་རྫས་ཀྱིས་རྐང་པ་འཁྲུད་བཞིན་ཡོད་པས་ད་ལྟ་ནད་གཞི་ཇེ་དྲག་ཏུ་ཕྱིན་འདུག”ཅེས་ལོ་68ལ་སླེབས་པའི་ནད་པ་ལི་ཧུང་གིས་བརྗོད།

ཀྲུང་ལུགས་གསོ་རིག་གིས་མ་བུར“བདེ་ཐང་གི་ཁྱིམ་གཞིས”བསྐྲུན་པ།

དབྱང་ཆི་མིང་ནི་གོར་མོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་བྱིས་པའི་བདེ་སྲུང་པུའི་སྨན་པ་རེད། ཁོང་གིས་ལུམས་ལ་བརྟེན་ནས་བྱིས་པའི་རློན་འབྲུམ་སོགས་བཅོས་མཁས་པོ་ཡོད། སྨན་པ་མི་རབས་གཉིས་པ་ཁོང་ལ་རང་ཉིད་ཀྱི་སྨན་བཅོས་བྱེད་ཐབས་ཆ་ཚང་ཞིག་ཡོད། དུས་ཚོད་དེ་བས་མང་བར་ཁོང་གིས་མི་རྒན་ནས་འགོ་བཙུགས་ཏེ་ཀྲུང་ལུགས་གསོ་རིག་གི་སྙོམས་སྒྲིག་བྱས་པས་བྱིས་པའི་གནད་དོན་གང་མགྱོགས་ཐག་གཅོད་ཐུབ་ཡོད།

ད་ཆ“ཀྲུང་ལུགས་གསོ་རིག་སྨན་རྫས་དང་མ་བུ་བདེ་སྲུང་ཟུང་འབྲེལ”བྱེད་སྟངས་དེ་གོར་མོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ་དར་ཁྱབ་བྱུང་ཡོད། གོར་མོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཡུས་ལན་གྱིས“འབྱུང་འགྱུར་ང་ཚོས་ཀྲུང་ལུགས་གསོ་རིག་གི་ཞབས་འདེགས་ཁོངས་གཏོགས་ཁུལ་ཡོངས་ལ་རྒྱ་སྐྱེད་གཏོང་བ་མ་ཟད། མ་བུའི་ལས་ཁུངས་གཞན་དག་གི་མ་བུར་ཡང་ཁྱབ་པར་བྱས་ནས་ཁོང་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་བརྗོད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་སྐལ་མཆོག་གིས་ཞུས)