《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

བོད་ཀྱིས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཡོངས་བསྒྲགས་ བྱས་ནས་ས་གནས་ཀྱི་མིང་བྱང་གསར་པ་གཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་དུ“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཡོངས་བསྒྲགས་བྱས་པའི་དམིགས་ཡུལ་ནི“སྤུས་རྟགས་བཏོད་ནས་བོད་དར་རྒྱས་ཡོང་བར་བྱེད་པའི”འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་མིང་བྱང་གསར་པ་གཏོད་ཆེད་རེད།

བོད་ལ“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་སྲོལ་ཡོད་པ་དང་དེར་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཐོན་ཁུངས་དང་ཁྱད་ལྡན་དངོས་ཟོག་གི་ཐོན་ཁུངས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་ཞིང་འབྲོག་ལས་ཀྱི་ཐོན་རྫས་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་འབོར་ཆེན་ཞིག་ཐོན་ཡོད་མོད། འོན་ཀྱང་འབྲེལ་ཡོད་ཀྱི་ཐོན་རྫས་ལ་ཚད་གཞི་དང་། བདེན་དཔང་ར་སྤྲོད། དེ་བཞིན་མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མི་འདང་བར་བརྟེན་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་པོ་མེད་སྟབས་ཐོན་ལས་ཀྱི་གཞི་ཁྱོན་འགྲུབ་དཀའ་བ་དང་སྤུས་རྟགས་ཀྱི་ཕན་འབྲས་མངོན་ཁག་པོ་ཡོད།

2020ལོར་བོད་རང་སྐྱོང་ལྗོངས་ཀྱིས་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་བྱས་ཏེ“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་གཏོད་པའི་འཐབ་ཇུས་གཏན་འཁེལ་བྱས་ནས་སྤུས་རྟགས་ཅན་གྱི་གཉེར་ཚོང་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་ནུས་ཤུགས་ཡོད་རྒུས་བརྟེན་ཏེ་བོད་ཀྱི་དྭངས་ཤིང་གཙང་བའི་སྣོད་བཅུད་དང་། གདོད་མའི་རིག་གནས། ཐོན་རྫས་སྤུས་ལེགས་བཅས་འཛམ་གླིང་དང་མཉམ་སྤྱོད་བྱ་རྒྱུ་རེད།

“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ལ་རང་བྱུང་འཐུང་ཆུ་དང་། ནས་ཀྱི་ཐོན་རྫས། འབྲི་གཡག་གི་ཐོན་རྫས་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་གསུམ་བདམས་པ་དང་། གཞན་ཡང་བོད་བྱ་དང་། དབྱར་རྩྭ་དགུན་འབུ། རིག་གནས་གསར་གཏོད་སོགས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་འཆར་འགོད་ནང་དུ་འཇུག་རྒྱུ་རེད། “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ལ་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་བཏང་སྟེ། ཐོན་སྐྱེད་བྱ་ཡུལ་ནས་ཚོང་ཟོག་སྤུས་ལེགས་ནན་ཏན་བདམས་པ་དང་སྣ་མང་ཅན་གྱི་ཐོན་རྫས་གྲུབ་ཚུལ་བཏོད་དེ་འཛད་སྤྱོད་པར་བོད་ཀྱི“ཕྱག་རྟགས”མཁོ་འདོན་བྱ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས། “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་གཙོ་གནད་ཀྱི་འཕེལ་རྒྱས་འཆར་འགོད་ནང་འཇུག་རྒྱུ་མ་ཟད། སྤུས་རྟགས་ཀྱི་གཉེར་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤུས་རྟགས་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་སྟེ“སའི་གོ་ལའི་སྣེ་གསུམ་པ”ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་མིང་བྱང་གསར་ཤོས་ཤིག་ཏུ་གཏོད་རྒྱུ་རེད་ཅེས་བཤད།

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་སའི་གོ་ལའི་སྣེ་གསུམ་པ་བོད་ནི་ལྷོ་སྣེ་དང་བྱང་སྣེ་དང་བསྡུར་ན་ཁྱད་ཆོས་དང་། གནམ་གཤིས། ཤུགས་རྐྱེན་ཐེབས་ཤུགས་བཅས་མི་འདྲ་བས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པར་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།