《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ཚེས་10ཉིན་ནས་ཕྱིར་སློག་བྱེད་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ནས་བཟུང་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་དུས་སང་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ཕྱིར་སློག་བྱས་པ་རེད། ཁྱབ་བསྒྲགས་བྱས་པར་གཞིགས་ན། སྒོ་འཛིན་ཕྱིར་སློག་བྱེད་པའི་ཉིན་དང་པོར་གཞུང་ཕྱོགས་ཀྱི་དྲ་ཚུགས་སུ་འཛུལ་མི་ཐུབ་པ་སོགས་ཀྱི་རྣམ་པ་སྤྱིར་ན་ཐོན་མེད་པ་རེད།

ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཟླ་10པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི་སྒོ་འཛིན་ཕྱིར་སློག་གི་ཇུས་གཞི་གཞིར་བཟུང་། དུས་སང་གི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ཉོས་རུང་ལྟ་མི་ཐུབ་མཁན་ཚང་མས་གཞུང་ཕྱོགས་ཀྱི་དྲ་ཚུགས་བརྒྱུད་སྒོ་འཛིན་ཕྱིར་སློག་བྱེད་ཆོག ཡིན་ནའང་ད་རེས་ཀྱི་སྒོ་འཛིན་ཕྱིར་སློག་གི་ཇུས་གཞི་དེ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་ཀྱི་དྲ་ཚུགས་ནས་སྒོ་འཛིན་ཉོ་མཁན་ལ་དམིགས་པ་དང་སྒོ་འཛིན་ཕྱིར་སློག་གི་དུས་ཚོད་ཉིན་20ལས་མེད། ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ཕྱིར་སློག་བྱེད་པའི་དུས་ཚོད་ནི་ཟླ་11ཚེས་10ནས་30ཉིན་བར་ཡིན་པ་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ཕྱིར་སློག་བྱེད་པའི་དུས་ཚོད་ཟླ་12ཚེས་1ནས་21ཉིན་བར་ཡིན་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)