《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

《ཕྱི་རྒྱལ་གྱི་ཐབ་ཚང》ལས་བྱུང་བའི་ཀྲུང་གོའི་ལས་འབྲེལ།

འདི་ལོ་ལོ་48ལ་སླེབས་པའི་ཨོ་སི་ཁྲུ་ལི་ཡ་བ་ཏུའུ་ཀན་ནི་ཧྲང་ཧའེ་ཞིམ་ཟས་ཀྱི་བརྙན་འཕྲིན་ལེ་ཚན《ཕྱི་རྒྱལ་གྱི་ཐབ་ཚང》གི་གཙོ་སྐྱོང་པ་རེད། ཀྲུང་གོར་འཚོ་བ་བསྐྱལ་ནས་ལོ་24སོང་བའི་ཁོང་གིས་ན་ནིང་བློ་འདྲི་ཀུང་སི་ཞིག་བཙུགས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་གོར་འཕེལ་རྒྱས་གཏོང་བར་ཡོང་འདོད་པའི་ཨོ་སི་ཁྲུ་ལི་ཡའི་ཀུང་སིར་འབྲེལ་ཡོད་གྲོས་འགོ་འདོན་ཆེད་རེད།

“ཉེ་དུས་ངས་ཀུང་སི་མང་པོ་ཞིག་དང་སྤེལ་རེས་བྱས་པ་ཡིན། ཚང་མས་ཀྲུང་གོར་འཕེལ་རྒྱས་གཏོང་བར་ཡོང་འདོད་ཆེན་པོ་བྱེད་ཀྱི་འདུག”ཁོང་གིས་ཉེ་དུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྐབས་རེ་དཀའ་ངལ་འཕྲད་སྲིད་མོད། འོན་ཀྱང་ཀྲུང་གོར་འཕེལ་རྒྱས་གཏོང་བར་འགྲོ་བའི་སྤྲོ་སེམས་ཉམས་ཀྱི་མི་འདུག དེ་ཐོག་ནས་བརྟན་ལ་སྐྱོན་བྲལ་གྱི་ཀྲུང་ཨའོ་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མཚོན་གྱི་ཡོད་ཅེས་བརྗོད།

ཏུའུ་ཀན་གྱི《ཕྱི་རྒྱལ་གྱི་ཐབ་ཚང》2002ལོར་དངོས་སུ་སྟོན་འགོ་ཚུགས་པ་དང་། ངོ་སྤྲོད་བྱས་པ་ལྟར་ན་གཟིགས་མོ་བ་ཁྲི་600ལྷག་ཙམ་ཡོད། འདི་ལོའི་ལོ་འགོར་ཁོང་པུའུ་རི་སི་པན་དུ་ལོག་པ་དང་ཉེ་དུས་འཚོགས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་གཉེར་ཡུལ་ཧྲང་ཧའེ་ཡི་སྐོར་གླེང་སྐབས། ཏུའུ་ཀན་གྱིས་ཧྲང་ཧའེ་ཧ་ཅང་དྲན་པོ་འདུག ཉིན་ཁ་ཤས་སོང་རྗེས་ལོག་འགྲོ་རྩིས་ཡོད་ཅེས་བཤད། མི་རིང་བའི་གོང《ཨོ་སི་ཁྲུ་ལི་ཡའི་དངུལ་རྩའི་དཔྱད་གཏམ་ཚགས་པར》ཐོག《ཧའེ་ཏི·ཏུའུ་ཀན་ཧྲང་ཧའེ་རུ་ལོག་འདོད་ཆེ་བའི་རྒྱུ་མཚན་གང་ཡིན་ནམ》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་མངགས་ཁོང་ལ་བཅར་འདྲི་བྱས་པའི་གནས་ཚུལ་ཞིག་བཀོད་ཡོད།

“ཧྲང་ཧའེ་ནི་ཧ་ཅང་མཛེས་སྡུག་ལྡན་ཞིང་དར་རྒྱས་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པས། དེ་ནི་ཤིས་ཉི་དང་ཉིའུ་གཡོད་སོགས་འཛམ་གླིང་ཐོག་གི་གྲོང་ཁྱེར་ཆེན་པོ་ཚང་མ་དང་འདྲ་པོ་ཡོད། ཧྲང་ཧའེ་སྒོ་དབྱེའི་གྲོང་ཁྱེར་ཞིག་ཡིན་སྟབས་དེ་གར་རྒྱལ་སྤྱིའི་སྤུས་རྟགས་སྣེ་ཁ་འཛོམས་པོ་ཡོད་པ་དང་། ནང་འདྲེན་དངོས་མང་སྟོན་ཚོགས་ནི་སྟོན་ཚོགས་གལ་ཆེན་ཞིག་ཡིན་ཞིང་། འཛམ་གླིང་ཐོག་གི་སྤུས་རྟགས་དང་ཐོན་རྫས་ཡག་ཤོས་ཚང་མ་འདི་གར་གཅིག་སྡུད་བྱས་ཡོད”ཅེས་ཁོང་གིས་བཤད།

ཏུའུ་ཀན་གྱི་བཟའ་ཟླ་ཀྲུང་གོ་བ་ཡིན་པས་ཁོང་གིས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཤེས་ཀྱི་ཡོད། 1996ལོར་ཏུའུ་ཀན་ཝུའུ་ཧན་དུ་རྒྱལ་སྤྱིའི་ཚོང་དོན་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་ལོ་དེ་རང་ལ་ཧྲང་ཧའེ་རུ་ལོག་སྟེ་བརྙན་འཕྲིན་ལས་ཁུངས་སུ་ལས་ཀ་བྱས་ནས་གསར་འགོད་པ་ཚོར་རྒྱལ་སྤྱིའི་གསར་འགྱུར་གཏོང་སྤེལ་བྱེད་སྟངས་གསོ་སྦྱོང་བྱས་ཡོད། སྐབས་དེ་དུས་ཁོང་ཀྲུང་གོའི་ཕུན་སུམ་ཚོགས་པའི་ཞིམ་ཟས་ལ་དགའ་དད་སླེབས།

ཁོང་གིས། ལོ་དེ་དག་ནང་ལེ་ཚན་གྱི་ནང་དོན་འཚོལ་སྐབས། ཀྲུང་གོ་བ་མང་པོ་ཞིག་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་བ་མ་ཟད། ད་དུང་རྒྱལ་ནང་ནས་འཛམ་གླིང་ས་གནས་ཁག་གི་ཞིམ་ཟས་སྔར་བས་མང་བ་བཟའ་རྒྱུ་ཡོད་པ་སོགས་ཀྲུང་གོར་བྱུང་བའི་འཕེལ་རྒྱས་མྱུར་པོ་དངོས་སུ་མཐོང་བྱུང་ཞེས་བཤད།

གྲོང་ཁྱེར་རྒྱལ་སྤྱི་ཅན་དུ་འགྱུར་བ་དང་བསྟུན་ནས་ཧྲང་ཧའེ་རུ་དབྱིན་ཡིག་སློབ་སྦྱོང་བྱེད་མཁན་བགྲེས་སོང་མི་ཉུང་བ་ཞིག་ཡོད་པ་ཏུའུ་ཀན་ལ་དོ་སྣང་བྱུང་། དེས་ན་ཧ་ལམ་ལོ་5ཙམ་གྱི་གོང་དུ་ཁོང་གིས་དང་བླངས་པ་བྱས་ཏེ་བགྲེས་སོང་ཚོར་དབྱིན་ཡིག་བསླབས། “དེ་ལྟར་བགྲེས་སོང་ཚོ་ཁྱིམ་དུ་དབྱིན་ཡིག་སྦྱོང་བཞིན་ཡོད་པའི་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་ཆོག་གི་ཡོད། ཁོང་ཚོ་ཧ་ཅང་སེམས་རྩ་འཁོལ་བས་རང་འགུལ་ངང་ང་དང་ཅི་འཕྲོས་མོལ་འཕྲོས་བྱ་རྒྱུར་དགའ་པོ་བྱེད་ཀྱི་འདུག་ལ་ཕྲུ་གུ་ཚོར་ཕྱི་རྒྱལ་གྱི་ཕྲུ་གུ་དང་སྤེལ་རེས་བྱ་རྒྱུའི་ལྕག་སྐུལ་ཡང་བྱེད་ཀྱི་ཡོད”ཅེས་ཁོང་གིས་བཤད།

ཕྱི་རྒྱལ་བས་ཀྲུང་གོར་རྒྱུས་མངའ་ཇེ་ཟབ་ཏུ་འགྲོ་བ་དང་བསྟུན་ནས། ཁོང་ཚོས་ཀྲུང་གོར་ངོས་འཛིན་བྱེད་སྟངས་དང་རྣམ་འགྱུར་འཛིན་སྟངས་ལའང་འགྱུར་ལྡོག་བྱུང་ཡོད། “ཕྱིར་མང་ཙམ་བསྐྱོད་ཚེ་འཛམ་གླིང་ས་གནས་ཁག་གི་རིག་གནས་དང་མི་དམངས་ལ་དེ་བས་རྒྱུས་མངའ་ཆེ་རུ་འགྲོ་ཐུབ། ང་ཚོས་རོགས་རམ་བྱེད་ཐུབ་པ་ནི་ཁོང་ཚོས་ཀྲུང་གོར་རྒྱུས་མངའ་ལོན་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན”ཞེས་ཏུའུ་ཀན་གྱིས་བཤད།

(སྐལ་མཆོག་གིས་བསྒྱུར། ཉི་དོན་གྱིས་ཞུས)