《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ཀྲུང་གོའི་ཁྲོམ་རས་ཆི་ལིའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྒུལ་ཤུགས་སྦྱིན་པ།

ཆི་ལིའི་ཤིང་ཏོག་ཕྱིར་གཏོང་མཐུན་ཚོགས་ཀྱི་གྲངས་གཞིར་གཞིགས་ན། ན་ནིང་སེའུ་ཕྱིར་གཏོང་དུས་ཚིགས་སུ་ཆི་ལིས་སེའུ་ཏུན་ཁྲི་20ལྷག་ཙམ་ཕྱིར་གཏོང་བྱས་པའི་ནང་91%ཙམ་ཀྲུང་གོའི་ཁྲོམ་རར་བཙོངས་ཡོད། འདི་ལོ་ཆི་ལིར་ཆར་ཆུ་འབེལ་པོ་ཡོད་པ་དང་སེའུ་འདེབས་ཁྱོན་སྔར་བས་ཆེ་རུ་བཏང་བས་ཁྲོམ་རའི་རིན་གོང་བརྟན་པོ་ཡོད་པ་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་ཚོད་དཔག་བྱས་པར་གཞིགས་ན། སེའུ་ཕྱིར་གཏོང་ལ་སླར་ཡང་ཡོང་འབབ་བཟང་པོ་ཡོང་རྒྱུ་ཡིན་པ་རེད།

དེ་ནི་སེའུ་ཐོན་ལས་ཀྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་ཡིན་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཆི་ལིའི་དཔལ་འབྱོར་གྱི་ངོས་ནས་བརྗོད་ན་ཡང་ཕན་འབྲས་ཆེན་པོ་ཞིག་རེད། འདི་ལོ་རིམས་ནད་ཐོན་རྗེས་ཆི་ལིའི་དཔལ་འབྱོར་ལ་རྡབ་རྡེག་ཆེན་པོ་ཕོག་ནས་ཆི་ལིའི་ཀྲུང་དབྱང་དངུལ་ཁང་གིས་འདི་ལོའི་དཔལ་འབྱོར་4.5%ནས་5.5%བར་ཆག་རྒྱུའི་སྔོན་དཔག་བྱས་ཡོད།

ཆི་ལིའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པའི་ཀྲུང་གོས་སྔོན་ལ་རིམས་ནད་ཚོད་འཛིན་ནུས་ལྡན་བྱས་པ་མ་ཟད། དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་ཐབས་བྱས་ཏེ་གསོན་ཤུགས་རྒྱས་པའི་ཀྲུང་གོའི་ཁྲོམ་རས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཆི་ལིའི་དཔལ་འབྱོར་ལ་སྒུལ་ཤུགས་སྦྱིན་ནས་ཆི་ལིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཆག་པ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

ཆི་ལིའི་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཆི་ལིའི་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་562.7ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་6.6%ཆག་ཡོད། འོན་ཀྱང་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ལྡོག་འཕར་12.7%ཟིན་པ་དེས་ཆི་ལིའི་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གྱི་ཕྱིར་གཏོང་བསྡོམས་འབོར་གྱི་36.6%བཟུང་ཡོད། དེའི་ནང་ཆི་ལིས་ཟླ་10པར་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་24.96ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་16.6%འཕར་བ་དེས་ཟླ་དེའི་ཆི་ལིའི་ཕྱིར་གཏོང་བསྡོམས་འབོར་གྱི་42.4%བཟུང་ཡོད།

ཆི་ལིའི་འགག་སྒོ་ལས་ཁུངས་ཀྱིས་ཀྲུང་གོའི་ཁྲོམ་རར“རིམས་ནད་ཀྱི་རྡབ་རྡེག་འོག་ཆི་ལིའི་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན”ཞེས་བརྗོད་ཀྱི་ཡོད། ཆི་ལིའི་དཔལ་འབྱོར་རིག་པ་མཁས་ཅན་ཝུའུ་ཀོ·ཧྥ་ཤིས་ཨའོ་ཡིས། ཆི་ལིའི་ཕྱིར་གཏོང་ཐོན་རྫས་ཀྱི་ཁྲོམ་ར་གཙོ་བོ་ཡིན་པའི་ཀྲུང་གོའི་དཔལ་འབྱོར་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དེས་ཆི་ལིའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།

སེའུ་ཕྱིར་གཏོང་གི་མདུན་ལམ་ཡག་པོ་ཡོད་པ་ཕུད། འདི་ལོའི་ལོ་སྟོད་དུ་ཆི་ལིའི་ཚ་ལུ་མའི་རིགས་ཀྱི་ཤིང་འབྲས་ལ་ཀྲུང་གོའི་ཁྲོམ་རའི་ཆོག་འཐུས་ཐོབ་ཐང་ཐོབ་ནས་ཀྲུང་གོར་ཕྱིར་གཏོང་ཐེངས་དང་པོ་བྱས་པ་དེ་ཕྱོགས་གཉིས་པོའི་ཚོང་དོན་གྱི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད། ད་དུང་ཆི་ལིའི་ཕག་ཤ་ཡང་ཀྲུང་གོའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད།