《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ཨ་སྒོར་དུང་ཕྱུར་726.2ཟིན་པ།

ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཚེས་10ཉིན་མཇུག་འགྲིལ་བ་རེད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཁྲེང་ཧའེ་ཡིས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་མཆེད་རུང་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཕྱོགས་ཁག་གི་མཉམ་ལས་བྱེད་ཚད་དམའ་རུ་ཕྱིན་མེད། ལོ་གཅིག་ལྟར་རྩིས་བརྒྱབ་ན། འདོད་མཐུན་གྲོས་ཡིག་བཞག་པར་ཨ་སྒོར་དུང་ཕྱུར་726.2ཟིན་པ་དེ་སྐབས་གོང་མ་ལས་2.1%འཕར་ཡོད་ཅེས་བཤད་པ་རེད།

སུན་ཁྲེང་ཧའེ་ཡིས་དེ་ཉིན་འཚོགས་པའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་མཇུག་འགྲིལ་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཀྲུང་གོས་འཚོགས་པའི་གཞི་ཁྱོན་ཆེ་ཤོས་དང་། འགྲེམས་ཞུགས་རྒྱལ་ཁབ་མང་ཤོས། དྲ་ཐོག་དང་དྲ་ཕྱི་ཟུར་འབྲེལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད། འགྲེམས་ཚོགས་ཀྱི་སྤྱིའི་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་36ཟིན་པ་དེ་སྐབས་གོང་མ་ལས་སྨི་ངོས་གྲུ་ཁྲི་3ཙམ་ཆེ་རུ་ཕྱིན་པ་དང་། ཆེད་མངགས་ལྟ་སྐོར་བ་ཁྲི་40ཙམ་ཐོ་འགོད་བྱས་ཤིང་། རིམ་རྩིས་བྱས་ན་འགྲེམས་ཚོགས་སུ་མི་ཐེངས་ཁྲི་61.2ཞུགས་ཡོད་པ་རེད།

དེང་སྐབས་ཀྱི་དམིགས་བསལ་རྒྱབ་ལྗོངས་འོག སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་སྐབས་གོང་མ་གཉིས་ལས་གྲ་རྒྱས་པ་བྱུང་ཡོད། ལོ་གསུམ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི“གྲུབ་འབྲས”རིམ་གྱིས་མཐོ་རུ་ཕྱིན་ཏེ་སྐབས་རེ་རེ་བཞིན་སྔར་བས་ལེགས་སུ་ཕྱིན་ཡོད། ལོ་གཅིག་ལྟར་རྩིས་བརྒྱབ་ན། སྐབས་དང་པོར་རིམ་རྩིས་བྱས་ན་འདོད་མཐུན་གྲོས་ཡིག་བཞག་པར་ཨ་སྒོར་དུང་ཕྱུར་578.3ཟིན་པ་དང་། སྐབས་གཉིས་པར་ཨ་སྒོར་དུང་ཕྱུར་711.3ཟིན་པ། སྐབས་གསུམ་པར་ཨ་སྒོར་དུང་ཕྱུར་726.2ཟིན་ཡོད།