《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ཏང་ཕྱིའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་དུ་གཉེར་བ།

ཡིའུ་ཆོན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་10ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ཐུན་མོང་ཐོག་གཉེར་བའི་ཏང་ཕྱིའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་དུ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅིའི་ཁྲུའུ་ཡི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཡིའུ་ཆོན་གྱིས་ཏང་ཕྱིའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་མཐའ་འཁྱོངས་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དང་ཏང་ཕྱིའི་མི་སྣས་མཉམ་ལས་དམ་ཟབ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད། དུས་རབས་གསར་པའི་ཏང་ཕྱིའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ། གསོ་སྦྱོང་ལ་ཤུགས་སྣོན་དང་བྱང་ཚད་མཐོ་རུ་བཏང་ནས་རང་རེའི་ཏང་དང་མཉམ་ལས་དམ་ཟབ་དང་ནུས་པ་གལ་ཆེན་འདོན་ཐུབ་པའི་ཏང་ཕྱིའི་འཐུས་ཚབ་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།

ཡིའུ་ཆོན་གྱིས་ཏང་ཕྱིའི་ལས་བྱེད་པས་སྣེ་ཁྲིད་དེ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཟམ་མི་ཆད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོར་འཆང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཁྲོད་ཕུགས་འདུན་དང་དད་སེམས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། ལག་ལེན་གྱི་སྦྱོང་བརྡར་ཁྲོད་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཁྲོད་སྲིད་གླེང་ཇུས་འདོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཕེལ་རྒྱས་བཅས་ཡག་པོ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསྟན་བློས་ཞུས)