《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月07日

བོད་བརྒྱུད་ནང་བསྟན་གྱི་སྐབས་བཅུ་དྲུག་པའི“མཐོ་རམས་པའི” ཡོན་གནས་སྤྲོད་པའི་མཛད་སྒོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅུ་དྲུག་པའི“མཐོ་རམས་པའི”ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིང་གི་ལྷ་ཁང་སེར་པོ་ནུབ་མའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས་པ་རེད། བོད་བརྒྱུད་ནང་བསྟན་གྱི་རྙིང་མ་དང་། བོན་པོ། དགེ་ལུགས་པ་བཅས་ཀྱི་སློབ་མ་33གྱིས་དཀའ་སྤྱད་སློབ་གཉེར་ལོ་3བྱས་ནས་སྦྱངས་པ་མཐར་ཕྱིན་ཏེ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་འཛིན་གྲྭའི་མཐར་ཕྱིན་ལག་ཁྱེར་ཐོབ་ཅིང་། དེའི་ཁྲོད་ཀྱི་སློབ་མ་32ལ་ཐོབ་ཐང་ཞིབ་བཤེར་དང་། རྟགས་གསལ་རྒྱུགས་ལེན། དམ་བཅའ་འཇོག་པ་བཅས་ཀྱི་བརྒྱུད་རིམ་ནན་པོ་བརྒྱུད་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”ཡོན་གནས་ཐོབ་པ་རེད།

ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་བཞད་པས་སློབ་ཐོན་སློབ་མར་སློབ་ཐོན་གྱི་ལག་ཁྱེར་གནང་བ་དང་སྦྲགས“མཐོ་རམས་པའི”ཡོན་གནས་ཐོབ་མཁན་སློབ་མ་རྣམས་ལ་སློབ་གནས་ཀྱི་ལག་ཁྱེར་ཡང་གནང་བ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བློ་འདྲི་བ་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཕུལ་བྱུང་སློབ་མ་ཚོར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་གནང་བ་རེད།

སློབ་ཐོན་སློབ་མའི་འཐུས་མིས། “མཐོ་རམས་པའི”མཚན་རྟགས་ནི་གཟི་བརྗིད་ཅིག་ཡིན་ལ། འགན་འཁྲི་དང་ལྕག་སྐུལ་ཞིག་དེ་བས་ཀྱང་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས“ཆབ་སྲིད་ཐད་བློས་འགེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་བྱེད་དགོས་པའི”བླང་བྱ་ལྟར་མུ་མཐུད་སྒོམ་སྒྲུབ་སློབ་གཉེར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ་དང་དར་སྤེལ་བཏང་སྟེ། རྒྱལ་གཅེས་ཆོས་གཅེས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་བའི་ལག་ལེན་ཧུར་ཐག་བསྟར་མཁན་ཞིག་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ལྷག་པར་དུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་སློབ་སྦྱོང་བྱས་ནས། ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཆགས་པར་བྱེད་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་དང་། ཁོང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རང་རྟོགས་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་འཐུས་མི་མི་སྣའི་ནུས་པ་རང་རྟོགས་ངང་བཏོན་ཏེ། “ཚད་གཞི་བཞིར”བརྩི་སྲུང་ཞུས་ནས་རྒྱལ་གཅེས་ཆོས་གཅེས་དང་། དད་ལྡན་མང་ཚོགས་ལ་ཁྲིད་སྟོན། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྣེ་ཁྲིད་པ་ཞིག་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཆོས་ལུགས་ལས་རིགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཡོན་གནས་སྤྲོད་པའི་མཛད་སྒོ་གྲོལ་རྗེས། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཕྱག་ལེན་བཞིན་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”ཡོན་གནས་ཐོབ་མཁན་རྣམ་པས་མཉམ་དུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོར་མཇལ་ཁ་ཞུས་པ་རེད།

བསྡོམས་རྩིས་ལ་གཞིགས་ན། ད་བར་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”ཡོན་གནས་ཐོབ་མཁན་240བྱུང་བ་དག་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དྲུག་ལ་ཁྱབ་པ་དང་། དེ་དག་བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་བཞིའི་རང་སྐྱོང་ཀྲོའུ་དང་རྫོང་གི་གྲུབ་མཐའ་ཁག་གི་དགོན་སྡེ་ནས་ཡིན་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)