《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月26日

ཀོང་ཏུང་བོད་སྐྱོར་གྱིས་བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་བོད་ནས་ཁ་བྲལ་སྐབས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་ཞི་རང་གྲོང་ཚོའི་བོད་རིགས་མང་ཚོགས་པད་མ་སྒྲོལ་མས་མཆི་ཞག་འཁོར་བཞིན་དུ་རིགས་གཅིག་མཁས་ཅན་གྱི་ལག་པ་ནས་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

དེ་སྔ་མེ་ཏོག་རྫོང་ལ“ས་མཐོའི་ཁེར་ཆགས་གླིང་ཕྲན”ཟེར་བ་དང་2013ལོར་རྫོང་གྲོང་དུ་གཞི་ནས་གཞུང་ལམ་ཤར་གཏོང་ཐུབ་ཡོད། པད་མ་སྒྲོལ་མ་སྡོད་སའི་ཞི་རང་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་ཆགས་པས་མང་ཚོགས་ཚོ་སྨན་པ་བསྟེན་པར་ཧ་ཅང་སྟབས་བདེ་པོ་མེད།

2019ལོའི་ཟླ་7པར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བཅའ་སྡོད་བྱས་རྗེས། དམངས་འཚོ་ལེགས་གཏོང་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་སྲོག་ཤིང་ལ་གཏན་འཁེལ་བྱས་ཏེ་ཟླ་བ་གཅིག་རིང་མེ་ཏོག་རྫོང་གི་ཤང་དང་གྲོང་རྡལ་ཚང་མར་བསྐྱོད་པ་རེད།

“གཞི་རིམ་དུ་ཇི་ཙམ་བསྐྱོད་པ་ན། མེ་ཏོག་གི་མི་སེར་ཚོར་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་པོ་མཁོ་ཆེ་བ་དེ་ཙམ་གྱིས་ཚོར་ཐུབ”ཅེས་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་གི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡེ་མིང་ཅན་གྱིས་བརྗོད།

མང་ཚོགས་ཚོ་སྨན་པ་བསྟེན་པར་སྟབས་བདེ་པོ་མེད་པས། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་ཞབས་ཞུ་མང་ཚོགས་ཚོའི་འགྲམ་དུ་སྐྱེལ་ཡོད། ཡེ་མིང་ཅན་གྱིས་ངོ་སྤྲོད་བྱས་པར། ཧྥོ་ཧྲན་གྲོང་ཁྱེར་གྱི་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་བོད་སྐྱོར་རིགས་གཅིག་མཁས་ཅན་མི་ཐེངས་19བཏང་ནས་མེ་ཏོག་རྫོང་ལ་རོགས་སྐྱོར་བྱས་པ་དང་། ཟླ་རེར་སྐོར་སྐྱོད་ནད་བརྟག་སྨན་བཅོས་དང་ཕྱིར་སྐྱོད་འོས་འགན་སྨན་བཅོས་ཐེངས་རེ་བྱེད་ཀྱི་ཡོད། “འོས་འགན་སྨན་བཅོས་བྱེད་རིམ་བཞིན་གྲོང་ཚོའི་ནང་དུས་ཆེན་གཏོང་བ་ལྟར་འཁྲུག་ཆ་དོད་པོ་ཡོད” ལོ་གཅིག་ལྷག་ཙམ་རིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རིན་ཐང་སྒོར་ཁྲི་2ལྷག་ཙམ་རི་བའི་ཁྲག་ཤེད་མཐོ་བ་དང་གྲུམ་བུའི་ནད་སོགས་ཀྱི་སྨན་རྫས་སྤྲད་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་600ལྷག་ཙམ་ཕན་པ་ཐོབ་པ་རེད།

“ང་དུས་རྒྱུན་ནས་གཟུགས་པོ་ཐང་པོ་མེད་པས་ན་ནིང་རིགས་གཅིག་མཁས་ཅན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་དཔྱད་བྱེད་པར་བཏང་བྱུང་། ཐེངས་འདིར་ད་དུང་ཆེད་མངགས་ངར་ལྟ་བར་ཕེབས་བྱུང་། ད་ཆ་ངའི་གཟུགས་པོ་ཐང་དུ་སོང་འདུག རིགས་གཅིག་མཁས་ཅན་ཚོ་དང་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་པད་མ་སྒྲོལ་མས་བརྗོད།

མིག་སྔར་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་འབྲས་སྤུངས་ཤང་གི་འཕྲོད་བསྟེན་ཁང་གསར་པ་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ད་ལོའི་ནང་སྤྱོད་ཐུབ་རེ་ཡོད་ལ། སྐྲུན་ཟིན་རྗེས་མང་ཚོགས་ཚོ་རྒྱུན་མཐོང་ནད་གཞི་སྨན་བཅོས་བྱེད་པར་ཐག་རིང་པོར་སྐྱོད་དགོས་མེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་གི་ལས་དོན་ཚོགས་ཆུང་གིས་མེ་ཏོག་རྫོང་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པའི”སྨན་ཁང་དུ་བཏོད་པ་གོ་སྐབས་སུ་བྱས་ནས་བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་རྒྱང་མཐོང་ལྷན་འཛོམས་ནད་དཔྱད་སོགས་ཀྱི་བྱེད་སྟངས་སྤྱད་ནས་ས་གནས་དེ་གའི་མང་ཚོགས་ལ་ནམ་ཡང་ཕྱིར་འཐེན་མི་བྱེད་པའི་སྨན་བཅོས་དཔུང་ཁག་གཅིག་གཏོད་རྒྱུར་བརྩོན་པ་རེད།