《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月13日

ལོ་རྒྱུས་ཀྱི་རྗེས་ཤུལ་ལས་གྲགས་པའི་གཏམ་རྒྱུད།

—— ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལྗོངས་ཆབ་མདོའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད།

བོད་ཤར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོར་དཀར་རག་བྱུག་པའི་བོད་བཟོའི་ཐོག་སོ་ཉིས་ཐོག་གི་སྡོད་ཁང་མང་པོའི་དཀྱིལ་དུ་ཐང་ཆེན་ཞིག་ཡོད་པ་དང་། ཐང་ཆེན་དུ་བཏབ་པའི“མཐུན་སྒྲིལ་ལྗོན་ཤིང”གི་ལོ་མ་ཕྱེད་ཀ་སྔོན་པོ་དང་ཕྱེད་ཀ་སེར་པོ་གྱུར་ནས་འདུག

དེའི་འགྲམ་དུ་སྐྱོད་སྐབས“མཐུན་སྒྲིལ་ལྗོན་ཤིང”དེ་ནི་དོན་དངོས་ཐོག་གཅིག་ནི་ལོ་མ་སྔོན་པོ་སྐྱེས་པའི་སྦྱར་པ་དང་གཅིག་ནི་ལོ་མ་སེར་པོར་གྱུར་པའི་རྒྱ་ལྕང་རེད་འདུག ལྗོན་ཤིང་དེ་གཉིས་ནི་ཤོ་པ་མདོ་གྲོང་རྡལ་གྱི་བོད་རྒྱ་བཟའ་ཚོ་གཉིས་ཀྱིས་རང་ཉིད་ཀྱི་ལྷད་མེད་བརྩེ་དུང་ལ་དྲན་གསོ་བྱ་ཆེད་བཏབ་པ་ཞིག་རེད་ཅེས་ཀུན་གྱི་ངག་སྒྲོས་སུ་རླུང་ལྟར་གྲགས།

ལོ་བརྒྱ་ཕྲག་རིང་ལྗོན་ཤིང་དེ་གཉིས་སྔར་བས་འཚར་ཞིང་། ལྗོན་པའི་བསིལ་གྲིབ་འོག་གྲོང་ཚོའི་ཕོ་མོ་རྒན་གཞོན་ངལ་གསོས་ནས་སྡོད་པ་དང་ཕྲུ་གྲུ་ཚོ་ཡང་ཉེ་འགྲམ་དུ་རྩེད་འཇོར་རོལ་ནས་སྡོད་ཀྱི་ཡོད།

ས་གནས་ཀྱི་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཆེན་འཆར་རིམ་བཞིན་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་རྣམས་དེར་འཛོམས་ནས་ཤོ་པ་མདོའི་སེང་རྩེད་ལ་ལྟ་བར་བྲེལ། རྔའི་སྒྲ་དང་བསྟུན་ནས་ན་གཞོན་ཞིག་གིས་མདུན་སྣེ་ཁྲིད་པ་དང་ན་གཞོན་གཞན་གཉིས་ཀྱིས་སེང་གེ་འཁྲབ་པའི་ངོ་མཚར་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་སྤྲོའི་ཐལ་མོ་རབ་ཏུ་གྲགས།

“ཤོ་པ་མདོའི་སེང་རྩེད་ནི་ས་གནས་ཀྱི་རལ་པའི་གར་དང་ནང་སའི་སེང་རྩེད་རིག་གནས་ཟུང་འབྲེལ་གྱི་ཐོན་དངོས་ཤིག་རེད་ལ། བོད་རྒྱ་མི་རིགས་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔང་རྟགས་ཤིག་ཀྱང་རེད”ཅེས་ཤོ་པ་མདོ་གྲོང་ཚོའི་གྲོང་མི་བསྟན་པ་ཨ་ཉིས་བརྗོད་བྱུང་། ཁོང་ཚོའི་ཁྱིམ་གྱི་མི་རབས་ནས་མི་རབས་བར་སེང་རྩེད་འཁྲབ་རྩལ་རྒྱུན་འཛིན་བྱེད་བཞིན་ཡོད།

རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་དུ་གནས་པའི་ཤོ་པ་མདོ་གྲོང་རྡལ་དེ་ཉིད་ས་བབ་དམིགས་བསལ་ལྡན་པར་བརྟེན་ལོ་རྒྱུས་ཐོག་བོད་རྒྱ་འགྲོ་འོང་གི་གནས་གལ་ཆེན་དུ་གྱུར་ཡོད།

ཤོ་པ་མདོ་གྲོང་རྡལ་དེ་ནི་ཇ་རྟ་གནའ་ལམ་གྱི་ས་ཚུགས་གལ་ཆེན་ཞིག་ཡིན་ཞིང་། 《ལྷོ་རོང་རྫོང་གི་ལོ་རྒྱུས》ནང་འཁོད་པར་གཞིགས་ན། གོང་མ་ཡུང་ཀྲེང་གི་དུས་སུ་ཆིང་དམག་ཉིས་སྟོང་ལྷག་ཙམ་ཤོ་པ་མདོར་གཞིས་ཚུགས་པ་དང་ཕྱིས་སུ་རྒྱ་རིགས་དམག་མི་ལ་ལ་ས་གནས་ཀྱི་བོད་རིགས་བུ་མོ་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་ཡང་བཙས་ཏེ་འཚོ་བ་སྐྱེལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོ་པ་མདོ་གྲོང་རྡལ་དུ་གྲགས།

“མཐུན་སྒྲིལ་ལྗོན་ཤིང”དང་སེང་རྩེད་ཕུད་ད་དུང་ཤོ་པ་མདོ་གྲོང་རྡལ་དུ་ཆིང་དམག་གི་བང་སོ་དང་གནའ་བོའི་མཁར་རྫོང་སོགས་ཤུལ་བཞག་མང་པོ་ཡོད་ལ། ད་དུང་གྲོང་མི་ལ་ལའི་ཁྱིམ་དུ་ཟླ་མཆོད་བག་ལེབ་བཟོ་ཆས་དང་། རྒྱ་ལུགས་ཀྱི་རྒྱ་མ། དངུལ་ཊམ་སྣ་ཚོགས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩིས་ཐོ་སོགས་ཉར་ཚགས་བྱས་ཡོད། ཁྱིམ་ཚང་ལ་ལས་ད་བར་ཟླ་མཆོད་བག་ལེབ་བཟོ་བ་དང་སྐྱུར་ཚལ་སྙོལ་བ་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་སྐབས་ནང་མི་མཉམ་འཛོམས་ངང་འཛོམས་ལྟོ་ཟ་བ་དང་ཆ་ཡིག་སྦྱོར་བ་སོགས་བྱེད་སྲོལ་ཡོད།

བོད་ཤར་ནི་ཐང་བོད་གནའ་ལམ་དང་ཁྲོན་བོད་གནའ་ལམ་གྱི་མ་བརྒྱུད་ཐབས་མེད་ཀྱི་ས་ཆ་ཞིག་ཡིན་ལ། གནའ་སྔ་མོ་ནས་བཟུང་རྒྱ་བོད་མི་རིགས་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་བར་ཁྱམས་ཤིག་ཀྱང་ཡིན་པས། ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གྲགས་བཞིན་ཡོད།

རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་དུ་ཡོད་པའི་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་བོད་རིགས་དང་། རྒྱ་རིགས། ནེ་པ་ལ་བཅས་ཀྱི་ཉམས་འགྱུར་ལྡན་པའི་རི་མདའ་རྡོ་བརྐོས་ཆར་རླུང་ཁྲོད་ལོ་ངོ་1200ལྷག་ཙམ་ཉམས་མེད་འགྱིང་ངེར་གནས་ནས་འདུག

རྡོ་བརྐོས་སྲུང་སྐྱོང་རྗེས་ཤུལ་དུ་སྐྱོད་སྐབས་དེའི་ཐོག་བརྐོས་པའི་གསོན་ཉམས་ལྡན་པའི་རི་མོ་དག་ལས་མི་རིགས་ཀྱི་རིག་གནས་མི་འདྲ་བའི་དབར་གྱི་སྤེལ་རེས་དང་མཉམ་འདྲེས་མཐོང་ཐུབ་ཅིང་། བོད་ཡིག་དང་རྒྱ་ཡིག་གི་ཡིག་འབྲུ་དེ་དག་ནི་བོད་རྒྱའི་ལག་ཤེས་པའི་མིང་རེད་འདུག རིགས་གཅིག་མཁས་ཅན་གྱིས་བརྟག་དཔྱད་དཔང་ལེན་བྱས་པར་གཞིགས་ན། རྡོ་བརྐོས་དེ་དག་ཐུ་བོད་དུས་སུ་གྲུབ་པ་ཞིག་དང་ཐང་རྒྱལ་རབས་ཀྱི་ལག་ཤེས་པ་དང་ཐུ་བོད་ཀྱི་ལག་ཤེས་པས་མཉམ་དུ་བརྐོས་པ་ཞིག་རེད།

“སྒྱུ་རྩལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་རིགས་དང་རྒྱ་རིགས་ཀྱི་རྡོ་བརྐོས་ལས་བོད་རྒྱའི་མི་རིགས་དབར་རིག་གནས་དང་། དཔལ་འབྱོར། ཆབ་སྲིད་བཅས་སྤེལ་རེས་བྱེད་པ་མངོན་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་ནང་དོན་ཟབ་མོའང་ལྡན་ཡོད། རྡོ་བརྐོས་དེ་དག་ལས་ཐུ་བོད་སྐབས་ཀྱི་ཆབ་སྲིད་དང་། བཅའ་ཁྲིམས། དཔལ་འབྱོར། ཆོས་ལུགས། བརྐོས་མའི་སྒྱུ་རྩལ། བོད་ཀྱི་ཡིག་གཟུགས། བོད་མིའི་རུས་མིང་། ཐང་བོད་ཀྱི་འབྲེལ་བ་སོགས་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་། ད་ཆ་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་གལ་ཆེན་ལ་གྱུར་ཡོད”ཅེས་བྱམས་མདུན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཡུས་ལིན་གྱིས་བརྗོད་བྱུང་།

ད་ཕན་ལོ་ཤས་རིང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་དགོས་པའི”བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཏུ་བརྩིས་ནས། འཛུགས་སྐྲུན་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་མ་ཟད། དམག་སྡེ་བཅོ་བརྒྱད་པའི་རྗེས་ཤུལ་དང་། ཀརྨ་སྒར་བྲིས་ཀྱི་ཐང་ག བརྐོས་མ་སོགས་རྒྱལ་ཁབ་ཀྱི་བོད་ཆའང་དབྱིས་བཅས་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་རྣམ་གྲངས་ནང་བཞག་པ་དང་། གནའ་སྔ་མོ་ནས་བཟུང་བོད་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་གནས་ཚུལ་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་བརྟན་དུ་བཏང་ཡོད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)