《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月11日

ཤིང་གཅོད་མཚམས་བཞག་ནས་ནགས་ཚལ་སྲུང་བར་འབད།

—— བོད་ལྗོངས་ཉིང་ཁྲིས་གངས་ལྗོངས་ས་མཐོར“སྔོ་ལྗང་ཁ་བཏགས”བསྒྲོན།

ལོ་གཉིས་ཀྱི་སྔོན་དུལོ་43ལ་སླེབས་པའི་ཚེ་རིང་བདེ་སྐྱིད་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་ལོག དེ་ནི་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་བྲག་གསུམ་མཚོའི་ངོགས་ཀྱི་གྲོང་ཚོ་ཞིག་རེད། ཚེ་རིང་བདེ་སྐྱིད་ཀྱིས་བརྒྱབ་པའི་འགྲུལ་ཁང་གི་ཐོག་སོ་གཉིས་པའི་ཉི་གཡབ་ནས་རྒྱང་རིང་གི་གངས་རི་དང་མཚོ་སོགས་མཛེས་ལྗོངས་མཐོང་ཐུབ། 2019ལོའི་ཟླ་5པར་ཚོང་རྒྱག་འགོ་ཚུགས་རྗེས་ལོ་ཕྱེད་ཁོ་ནར་ཡོང་འབབ་སྒོར་ཁྲི་20བྱུང་ཡོད།

“རིམས་ནད་ཀྱི་རྐྱེན་པས་ལོ་སྟོད་དུ་ཚོང་ཡག་པོ་མེད་རུང་། འོན་ཀྱང་ཉེ་ཆར་འགྲུལ་ཁང་ལ་སྡོད་མཁན་མང་དུ་ཕྱིན་པ་དང་། ཡུལ་ཟོག་ཀྱང་བྲིན་པོ་འདུག”ཅེས་ཚེ་རིང་བདེ་སྐྱིད་ཀྱིས་བརྗོད།

བྱེ་པ་གྲོང་ཚོར་དུད་ཚང་173ཡོད་པ་ལས། དུད་ཚང་41གིས་འགྲུལ་ཁང་གཉེར་བ་དང་གྲོང་མི་མང་དག་ཅིག་མགྲོན་ཁང་དང་ཟ་ཁང་སོགས་སུ་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད། 2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ནས་མིང་དོན་མཚུངས་པའི་ཡུལ་སྐོར་གྱི“གསེར་ཕོར”གྲོང་ཚོར་གྱུར་ཡོད།

གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྟོབས་རྒྱལ་དབང་ཕྱུག་གིས་ལོ་20ཡི་གོང་ང་ཚོའི་གྲོང་ཚོ་ད་ལྟ་ནང་བཞིན་ཕྱུག་པོ་མེད་ཅེས་བརྗོད།

“སྔོན་མ་གྲོང་མི་མང་ཆེ་བས་ཤིང་བཅད་ནས་འཚོ་བ་སྐྱེལ་བ་དང་། གྲོང་ཚོའི་ཁོར་ཡུག་ཀྱང་ཟང་ཟིང་རེད”ཅེས་བཤད།

2000ལོར་བྲག་གསུམ་མཚོ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ལ་བདམས་ནས་ལོ་གཅིག་སོང་རྗེས། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཚན་སྙན་ཐོབ། ཡུལ་སྐོར་བ་མང་དུ་ཕྱིན་པར་བརྟེན། གྲོང་མི་ཚོས་ཤིང་བཅད་ནས་འཚོ་བ་སྐྱེལ་བ་ནི་ཕུགས་ཀྱི་ཐབས་ཤིག་མིན་པ་རྟོགས།

“ཤིང་བཙོངས་པའི་ཡོང་འབབ་ཡུལ་སྐོར་གྱི་ཡོང་འབབ་ལས་ཉུང་བ་དང་། ལྗོན་ཤིང་ཡང་རྫོགས་པའི་དུས་ཤིག་ཡོད། ང་ཚོས་ཤིང་ཚང་མ་བཅད་ནས་མི་རབས་རྗེས་མར་སྐྱ་ཐེར་གྱི་རི་ཀླུང་འཇོག་རྒྱུ་མེད”ཅེས་སྟོབས་རྒྱལ་དབང་ཕྱུག་གིས་བཤད།

དེ་ནས་བཟུང་གྲོང་ཚོས་ནགས་སྲུང་བ་བཀོད་སྒྲིག་བྱས་པ་དང་རིམ་ཁག་སྲིད་གཞུང་གིས་ཤིང་གཅོད་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བས། བྱེ་པ་གྲོང་ཚོར་ཤིང་གཅོད་མཁན་མེད་པར་ཆགས་ཏེ་མི་ཚང་མ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་མཁན་གྱི་སྲུང་དམག་ལ་གྱུར། གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེར། གྲོང་ཚོས་མང་ཚོགས་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་ལམ་རྒྱུད་ཀྱི་གད་སྙིགས་དང་ལྕུག་ཕྲན་སྐམ་པོ་གཙང་མར་འཕྱགས་ཏེ་མེ་སྐྱོན་གྱི་གནས་ཚུལ་མི་ཐོན་པ་བྱེད་བཞིན་ཡོད།

ཚེ་རིང་བདེ་སྐྱིད་ཀྱིས་ཉིང་ཁྲིའི་བྲིན་ཁ་རྒྱུག་པའི་བེ་ཤ་སོགས་ཁྱད་ལྡན་ཐོན་རྫས་ནི་ནགས་ཁྲོད་དཔལ་འབྱོར་ཐོན་ཟོག་རེད། ནགས་ཚལ་སྣོད་བཅུད་ཡག་པོ་མེད་ན། ཚོང་རྒྱག་ཐབས་མེད། ཕ་ཡུལ་གྱི་སྔོ་ལྗང་རི་ཀླུང་ནི་ང་ཚོའི་གསེར་རི་དངུལ་རི་རེད་ཅེས་བརྗོད།

བྱེ་པ་གྲོང་ཚོའི་འཕེལ་རྒྱས་བསམ་ཕྱོགས་ཀྱི་འགྱུར་ལྡོག་ནི་ཉིང་ཁྲིའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བསྡུས་རིས་ཤིག་རེད། ས་བབ་བལྟོས་བཅས་ཀྱིས་དམའ་ཞིང་མཚོ་བོད་མཐོ་སྒང་གི་ཆུ་རླངས་བརྒྱུད་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ནགས་སའི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་ཡོད། སྔོ་ཁེབས་ཁྱབ་ཚད་མང་བར་བརྟེན་ཉིང་ཁྲིའི་ས་ཆ་ཕལ་ཆེ་བར་མཚོ་བོད་ས་མཐོའི“རང་བྱུང་གསོ་རླུང་ཁང”ཞེས་བརྗོད་ཀྱི་ཡོད།

བོད་ཤར་ལྷོའི་གཡུ་གཞོང་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་ཤོས་སྤྱད་པ་མ་ཟད། ཕྱོགས་ཁག་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་ཀྱང་བྱས་ནས། སྣོད་བཅུད་བཟང་པོ་མཉམ་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་བའི་ཕུགས་ཕན་ལམ་སྲོལ་བསྐྲུན་ཡོད།

ལོ་70ལ་སླེབས་པའི་པད་མ་ཚེ་རིང་མི་ཚེ་འཚོ་སའི་སྨན་གླིང་རྫོང་གཏམ་སྙན་ཤང་ཀླུ་ཤར་གྲོང་ཚོར། ཡུན་རིང་མ་སོང་གོང་རྒྱལ་ཡོངས་ཀྱི“ནགས་སྲུང་བ་ཡག་ཤོས”ཀྱི་མཚན་སྙན་ཐོབ། ཁོང་དང་ལོ་67ལ་སླེབས་པའི་ནགས་སྲུང་བ་བསོད་ནམས་ཚེ་རིང་གིས་ལོ་མང་བསྲུངས་པའི་ཀླུ་ཤར་ལུང་ཤུར་དུ་གངས་ལྷ་མེ་ཏོག་དང་གསོམ་ཤིང་སོགས་རྩ་ཆེའི་རྩི་ཤིང་དང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་སྣ་ཚོགས་ཡོད།

ཉིང་ཁྲིར་པད་མ་ཚེ་རིང་དང་འདྲ་བའི་ནགས་སྲུང་བ་ད་དུང་3000ལྷག་ཙམ་ཡོད་པ་དང་མང་ཚོགས་ཀྱི་ནགས་སྲུང་བ་ཁྲི་12ལྷག་ཙམ་ཡོད། ལས་འགན་དེ་དག་ཞིང་འབྲོག་པ་དཀྱུས་མས་འཁུར་གྱི་ཡོད། 2016ལོ་ནས་བཟུང་། ཉིང་ཁྲིས་ཞིང་འབྲོག་མང་ཚོགས་ཁྲི་3ལྷག་ཙམ་སྣོད་བཅུད་རྣམ་གྲངས་ནང་བསྡུས་པ་དང་འབབ་འཕར་སྒོར་ཁྲི་7000ལྷག་ཙམ་བྱུང་ཡོད། ད་ཆ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་རང་བྱུང་སྲུང་སྐྱོང་ཁུལ་དེ་ཡུལ་སྐོར་བ་སྐྱོད་སའི་གནས་བཟང་པོར་གྱུར་པ་དང་ས་གནས་མང་ཚོགས་ལས་ཞུགས་ཀྱི་དམ་འཛིན་བྱ་གཞིར་གྱུར་ཡོད།

མི་ཚང་མ་ས་མཐོའི་སྲོག་ཆགས་དང་། རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ཀྱི་སྲུང་སྐྱོང་བྱ་སྤྱོད་དུ་ཞུགས་པ་དང་། ཉིང་ཁྲིས་གངས་ལྗོངས་ས་མཐོར“སྔོ་ལྗང་ཁ་བཏགས”བསྒྲོན་ཡོད། 2016ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། མི་ཐབས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་27ལྷག་ཙམ་དང་། བྱེ་ས་མུའུ་ཁྲི་20ཙམ་བཅོས་སྒྲིག་བྱས་པ་དང་འབྲེལ་ནགས་ཚལ་མུའུ་ཁྲི་41ཙམ་བསྐྲུན་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ“རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་པ་དང་ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད།