《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

“མང་ཚོགས་གནས་སྤོས་གཞིས་ཆགས་བྱུང་ན། ང་བློ་བདེ་པོ་འདུག”

—— འཐབ་ས་དང་པོའི་དབུལ་སྐྱོར་ལས་བྱེད་པ་འཕྲིན་ལས་དབང་འདུས་ཀྱི་སྙིང་གཏམ།

ཟླ་10ཚེས་7ཉིན་བོད་ལྗོངས་དཔའ་ཤོད་རྫོང་གནས་རབ་བཀོད་སྒྲིག་ས་ཚིགས་སུ་འཕྲིན་ལས་དབང་འདུས(གཡས་ཀྱི་བཞི་པ)ཀྱིས་གནས་སྤོས་མང་ཚོགས་དང་གླེང་མོལ་བྱས་ནས་ཁོང་ཚོའི་འཚོ་བའི་དཀའ་ངལ་རྒྱུས་མངའ་ལོན་ཞོར་དུ་བསམ་འཆར་དང་གྲོས་འགོ་ཉན་བཞིན་པ།

འཕྲིན་ལས་དབང་འདུས་ཐེངས་དང་པོ་འཕྲད་སྐབས། ཁོང་གིས་མང་ཚོགས་ཚོའི་སྣེ་ཁྲིད་དེ་དཔའ་ཤོད་རྫོང་གྲོང་ཉེ་འགྲམ་གྱི་སོ་ཕག་བཟོ་གྲྭ་ཆུང་ཆུང་ཞིག་ཏུ་ལས་ཀ་བྱེད་བཞིན་འདུག ཨར་འདམ་གྱི་ཐལ་རྡུལ་སྐྲ་ལ་འགོས་ནས་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་པ་དང་གྱོན་གོས་ཚང་མར་ཡང་ཐལ་རྡུལ་འགོས་འདུག་པས། ཕར་ལྟ་སྐབས་ཞིང་པ་རྒད་པོ་ཞིག་དང་གཉིས་སུ་མ་མཆིས།

ཐེངས་གཉིས་པ་འཕྲད་སྐབས། ཁོང་གནས་རབ་བཀོད་སྒྲིག་ས་ཚིགས་སུ་མང་ཚོགས་ཚོར་གློག་སྒུལ་འཁོར་རིགས་འཇོག་ཡུལ་བསྐྲུན་རྒྱུར་མཛུབ་ཁྲིད་བྱེད་བཞིན་འདུག དེ་དུས་སྐྲ་ནག་རྐྱང་ཡིན་པས་གཞོན་ཤ་དོད་དུ་ཕྱིན་འདུག

ད་ཆ་འཕྲིན་ལས་དབང་འདུས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གླིང་དཀར་ཤང་གླིང་བཞི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་བཞིན་ཡོད། འོན་ཀྱང་ཁོང་གི་སེམས་ནུས་ཡོད་ཚད་སྐྱ་རི་དང་། ཡངས་པ། ཝ་བཅས་ཤང་གསུམ་ནས་སྤོས་ཡོང་བའི་མང་ཚོགས་ཐོག་འཇོག་གི་ཡོད།

སྐྱ་རི་དང་། ཡངས་པ། ཝ་བཅས་ཤང་གསུམ་ནི་རྒྱལ་མོ་རྔུལ་ཆུའི་ནུབ་ངོགས་སུ་ཆགས་པ་དང་། རི་མཐོ་ལ་གྲོག་རོང་གཏིང་རིང་བ། སྐམ་ཤས་ཆེ་བ་དང་ཆར་ཆུ་དཀོན་པ། གྱེན་གཟར་ལ་ས་རྒྱུ་ཞན་པ་བཅས་ཡིན་པས་དེ་ནི་དཔའ་ཤོད་རྫོང་གི་ཆ་རྐྱེན་ཞན་ཤོས་ཀྱི་ས་ཆ་ཞིག་རེད།

2018ལོ་ནས་བཟུང་། དཔའ་ཤོད་རྫོང་གིས་སྐྱ་རི་དང་། ཡངས་པ། ཝ་བཅས་ཤང་གསུམ་གྱི་གྲོང་ཚོ་14ཡི་དུད་ཚང་338དང་གྲོང་མི་1744རྫོང་གྲོང་ཉེ་འགྲམ་གྱི་གནས་རབ་དང་གཤས་པའི་བཀོད་སྒྲིག་ས་ཚིགས་སུ་གཅིག་སྡུད་གནས་སྤོ་བྱས་ཏེ་རིན་མེད་ངང་སྡོད་ཁང་སྤྲད་པ་དང་། སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་ཁོང་ཚོར་ལས་ཞུགས་ཐག་གཅོད་བྱེད་རོགས་བྱས་པ་རེད། འཕྲིན་ལས་དབང་འདུས་ཀྱིས་གནས་སྤོ་བཀོད་སྒྲིག་གི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཡོད།

“ངས་དེ་གར་ལས་ཀ་ལོ་12ཙམ་བྱས་པ་ཡིན། མི་སེར་ཚོས་ང་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པས་ངས་ཁོང་ཚོའི་རེ་བ་ཆུད་ཟོས་སུ་གཏོང་ག་ལ་རུང”ཞེས་སློབ་གྲྭར་འགྲོ་མྱོང་མེད་པའི་འཕྲིན་ལས་དབང་འདུས་ཀྱིས་རྒྱ་སྐད་བདེ་པོས་དེ་ལྟར་བཤད་བྱུང་།

འཕྲིན་ལས་དབང་འདུས་ད་ལོ་ལོ་48ཡིན་པ་དང་། 1995ལོའི་ཟླ་3པར་གདན་ཞུས་ལས་བྱེད་པར་གྱུར་རྗེས་རྫོང་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ར་འོག་གྲོང་རྡལ་དུ་ལོ་མང་ལས་ཀ་བྱས། 2002ལོར་ཝ་ཤང་གི་ཤང་ཀྲང་གཞོན་པ་བྱས། ལམ་མེད་པས་ཤང་དུ་ལས་གནས་འཁུར་བར་བསྐྱོད་པར་གཟའ་འཁོར་གཅིག་འགོར་ཡོད།

“ཐོག་གཅིག་མའི་སོ་ཕག་ཁང་པའི་ནང་གློག་མེད་ལ་ཆུ་དཀོན་པ་དང་། ད་དུང་ཁང་པའི་ནང་ཐིགས་པ་རྒྱག་གི་འདུག བཟའ་རྒྱུ་ནི་རྩམ་པ་དང་མར་ཏོག་ཙམ་ལས་མེད”འཕྲིན་ལས་དབང་འདུས་ཀྱིས་འདི་གར་ས་ཆ་གཞན་དང་གནམ་སའི་ཁྱད་པར་ཡོད་པ་ཚོར། ཁོང་གིས“དུད་ཚང་ཞིག་གི་ཕྲུ་གུ་ལྔ་ལ་གྱོན་གོས་ཀྱང་མི་འདུག ཕྲུ་གུ་གཅིག་ལས་གཅིག་ནག་ལ་ཤ་རིད་པ་ཤ་སྟག་རེད་འདུག”ཅེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བཤད།

འཕྲིན་ལས་དབང་འདུས་ཀྱིས་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་བཏང་བ་དང་། ཁོང་ཚོར་གྱང་རྒྱག་སྟངས་དང་། ཁང་པ་རྒྱག་སྟངས། ལམ་བཟོ་སྟངས་བཅས་བསླབས། དུད་ཚང་མི་རེ་ངོ་རེར་སྲིད་གཞུང་གི་ཁ་གསབ་སྤྲད་ནས་ཁོང་ཚོར་འཚོ་བའི་མཁོ་ཆས་ཉོ་རུ་བཅུག་པས་མང་ཚོགས་ཀྱི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན།

ཁོང་གིས་ཤང་གི་དཀའ་ངལ་གོང་རིམ་ལ་ཐེངས་མང་སྙན་སེང་ཞུས་ནས་ལམ་བཟོ་བ་དང་གནས་སྤོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། 2003ལོར་སྐྱ་རི་དང་། ཡངས་པ། ཝ་བཅས་ཤང་གསུམ་ལ་བསྐྱོད་པའི་སྟབས་བདེའི་ལམ་སྐྲུན་འགོ་ཚུགས།

2004ལོ་ནས་བཟུང་ཁོང་གིས་སྔ་རྗེས་སུ་ཝ་ཤང་གི་ཤང་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར། ད་དུང་ཤང་གསུམ་གྱི་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་བཞིན་ཡོད་པས་ཉིན་གང་ལས་བྲེལ་ཧ་ཅང་ཆེན་པོ་ཡོད། 2014ལོར་ཤང་གསུམ་གྱི་གཞུང་ལམ་ཚང་མར་རླངས་འཁོར་ཤར་གཏོང་ཐུབ་ཡོད།

ལམ་ཤར་གཏོང་ཐུབ་རྗེས་2015ལོར་འཕྲིན་ལས་དབང་འདུས་གླིང་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིར་བསྐོ་གཞག་བྱས། ལོ་གཉིས་པར་ཁོང་གླིང་དཀར་ཤང་ཝ་འབྲུ་གྲོང་ཚོར་ཀྲི་པུའི་ཧྲུའུ་ཅི་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་པར་མངགས།

འོན་ཀྱང་ཁོང་དང་ཤང་གསུམ་དབར་གྱི་ལས་དབང་ད་དུང་མཇུག་འགྲིལ་མེད། 2017ལོར། རྫོང་གིས་ཤང་གསུམ་ཚུད་པའི་ཤང་གྲོང་11གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུའི་སྒྲིག་འཛུགས་བྱས་པ་དང་། ཁོང་གནས་སྤོས་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པར་བསྐོས།

“ངས་སྣེ་ཁྲིད་དེ་ཤང་དང་གྲོང་ཚོ་རེ་རེར་ཁ་ཏ་སློབ་གསོ་རྒྱག་པར་ཕྱིན་པ་ཡིན། ཚང་མར་སྤོ་དགོས་དོན་གང་ཡིན་མིན་དང་སྤོས་ན་ཕན་ཐོགས་གང་ཞིག་ཡོད་མེད་འགྲེལ་བཤད་བརྒྱབ་པ་ཡིན”འཕྲིན་ལས་དབང་འདུས་ཀྱིས“མི་མང་པོ་ཞིག་གིས་ང་ལ་ཧྲུའུ་ཅི་ལགས་ཀྱིས་སྤོས་ན་ཡག་པོ་ཡོད་ཟེར་ན་ང་ཚོ་སྤོ་རྐྱང་ཡིན་ཞེས་ཟེར་གྱི་འདུག”ཅེས་བཤད།

2018ལོའི་དབྱར་ཁར། སྐྱ་རི་དང་། ཡངས་པ། ཝ་བཅས་ཤང་གསུམ་ལེ་དབར་བརྒྱ་ཕྲག་ཆོད་པའི་ས་ཆར་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱེད་འགོ་ཚུགས་ཡོད། དེ་དུས་འཕྲིན་ལས་དབང་འདུས་ཀྱིས་དཀའ་བ་ཚད་མེད་སྤྱད་ཡོད།

“ངས་རླངས་འཁོར་ཆེ་ཆུང་100ལྷག་ཙམ་བཀོད་གཏོང་བྱེད་དགོས་པ་དང་། ལམ་བར་གྱི་བདེ་འཇགས་ལ་བསམ་བློ་གཏོང་དགོས་ལ། ཟ་སྡོད་བཀོད་སྒྲིག་ཀྱང་བྱེད་དགོས། ད་དུང་ཁང་པ་གསར་པ་བགོ་བཤའ་རྒྱག་དགོས་པས་བྲེལ་བ་ཆེན་པོ་འདུག”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད། རྫོང་གིས་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་དབོར་འདྲེན་ཁྱོན་བསྡོམས་ཐེངས་16སྒྲིག་འཛུགས་བྱས།

ཁོང་དང་ས་གནས་དེ་གའི་ལས་བྱེད་པས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་ལས་ཀ་འཚོལ་རོགས་བྱས། མི་འགའ་ཞིག་ཨར་འདམ་བཟོ་གྲྭར་ལས་ཀ་བྱེད་པ་དང་། མི་འགའ་ཤས་ཁུལ་ཆུང་དུ་གཙང་སྦྲ་བྱེད་པ། མི་ལ་ལ་གྱོན་ཆས་འཚེམ་སར་ལས་ཀ་བྱེད་ཀྱི་ཡོད། ད་ཆ་མི་མང་ཆེ་བར་ཡོང་འབབ་བརྟན་པོ་ཡོད།

བཅར་འདྲི་བྱེད་རིང་འཕྲིན་ལས་དབང་འདུས་ལ་ཁ་པར་མང་པོ་འབྱོར། ཁོང་གིས“ད་ཆ་ཁ་པར་རྒྱག་མཁན་སྔོན་ཆད་ལས་ཉུང་དུ་ཕྱིན་འདུག ཚང་མས་ལས་ཀ་ཡོད་ན་ང་འཚོལ་རྐྱང་བྱེད་ཀྱི་ཡོད་པས་ཁ་ཡ་མ་བྱས་ཐབས་མེད་རེད་འདུག”ཅེས་བཤད།

2012ལོའི་ཟླ་12ཚེས་15ཉིན་གྱི་ཕྱི་དྲོ། འཕྲིན་ལས་དབང་འདུས་དང་ལས་རོགས་5ཡིས་རླངས་འཁོར་བསྡད་དེ་གྲོང་ཚོར་དམངས་ཕན་མ་དངུལ་སྤྲོད་པར་སྐྱོད་པའི་ལམ་བར་དུ་གློ་བུར་དུ་རི་ཉིལ་ནས་ཁོང་ལ་རྨས་སྐྱོན་ཕོག་སྟེ། མལ་སར་ལོ་གཅིག་ཏག་ཏག་ལུས་པ་དང་རྐང་པ་གཡོན་མ་རྦད་དེ་ཞ་ཀྱོག་ཏུ་གྱུར།

དཀའ་བ་ཚད་མེད་མྱངས་ནས་སྐྲ་ཚང་མ་དཀར་པོར་གྱུར་པའི་འཕྲིན་ལས་དབང་འདུས་ཀྱིས་ལོ་འདི་དག་རིང་བློས་གཏོང་བྱས་པར་གནོང་འགྱོད་གཏན་ནས་བྱེད་ཀྱི་མེད། ཁོང་གིས“དགའ་ཤོས་ནི་མི་སེར་གྱི་ཁས་ལེན་ཐོབ་པ་དེ་རེད། གང་དུ་ཕྱིན་ཡང་ཚང་མས་ང་ལ་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད། ད་ལྟ་མང་ཚོགས་གནས་སྤོས་གཞིས་ཆགས་ཐུབ་པས། ང་བློ་བདེ་པོ་འདུག”ཅེས་བཤད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)