《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ཕྱི་འབྲེལ་པུའི་མགྲིན་ཚབ་པས།

མཛའ་གྲོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གསུམ་པར་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་གཏམ་བཤད་སྤེལ་བའི་ཐད་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་མཛའ་གྲོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གསུམ་པར་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་གཏམ་བཤད་སྤེལ་བའི་ཐད་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ་རེད།

གསར་འགོད་པ་ཞིག་གིས་དྲིས་དོན། ཉིན་ཤས་གོང་ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གསུམ་པར་ཤང་ཀང་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གྲོས་བསྡུར་གང་བྱུང་བྱས་པར་དམིགས་ནས་རྒྱལ་ཁབ་70ལ་ཉེ་བས་གཏམ་བཤད་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་བརྡ་ལན་སྤྲད་དེ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་ངོ་རྒོལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

ཧྭ་ཁྲུན་ཡིང་གིས་བརྗོད་དོན། ཉིན་ཤས་གོང་རྒྱལ་ཁབ་70ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་75པའི་ཨུ་ཡོན་ལྷན་ཁང་གསུམ་པར་གཏམ་བཤད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཡོད། དེའི་ནང་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་55ཡི་ཚབ་ཞུས་ནས་ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐུན་མོང་གི་གཏམ་བཤད་སྤེལ་བ་དང་། ཁུ་པས་རྒྱལ་ཁབ་45ཡི་ཚབ་ཞུས་ནས་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐུན་མོང་གི་གཏམ་བཤད་སྤེལ་ནས་ཤང་ཀང་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་དེ་དག་གིས་ཀྲུང་གོས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས་པ་དེས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་རྒྱུར་ཕན་ཐོགས་ཡོད་ལ། ཤང་ཀང་གི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ལ་ཡང་ཕན་ཐོགས་ཡོད་པ་མ་ཟད། ཤང་ཀང་གི་རྒྱ་ཆེའི་གྲོང་མིའི་ཁྲིམས་མཐུན་ཁེ་དབང་དང་རང་དབང་ཡང་བདེ་འཇགས་ཀྱི་ཁོར་ཡུག་ནང་སྔར་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་དེ་དག་གིས་ཀྲུང་གོའི་ཤིན་ཅང་གིས་ཁྲིམས་ལྟར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་འཇིགས་སྐུལ་ལ་ཁ་གཏད་བཅག་ནས་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱས་པར་བསྔགས་བརྗོད་བྱས་ཡོད། རྒྱལ་ཁབ་དེ་དག་གིས་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་རྩ་དོན་གལ་ཆེན་ཞིག་ཡིན་པས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་གྱུར་དང་ཚད་གཞི་གཉིས་ཀྱི་བྱེད་སྟངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ཀྲུང་གོར་དོན་མེད་སྐྱོན་འཛུགས་དང་ཐེ་ཇུས་བྱེད་པར་ཡང་ངོ་རྒོལ་བྱ་རྒྱུ་ཡིན་པའི་ནན་བཤད་བྱས་ཡོད།

ཧྭ་ཁྲུན་ཡིང་གིས་བརྗོད་དོན། དྲང་བདེན་གྱི་འབོད་སྒྲ་དེ་དག་ལས་བདེན་པ་ཡོད་མེད་ཀུན་གྱིས་རྟོགས་པ་ཞིག་ཡིན་པ་སླར་ཡང་མཚོན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་ཤང་ཀང་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་མཚན་ཤས་བཟོ་བའི་རེ་ངན་སླར་ཡང་ཐལ་བའི་རྡུལ་དུ་བརླགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ཐེངས་མང་གསལ་བཤད་བྱས་ཡོད། ངས་ནན་བཤད་བྱ་རྒྱུ་ནི་ཤང་ཀང་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ནི་ཕྱོགས་གཏོགས་ཁ་ཤས་ཀྱིས་འུད་སྒྲོག་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་གཏན་ནས་མིན་ལ་ཆབ་སྲིད་ཅན་དུ་དེ་བས་ཀྱང་འགྱུར་མི་རུང་། ཕྱི་རོལ་གྱི་ཕྱོགས་གཏོགས་ཉུང་ཤས་ཀྱིས་མི་ལ་བཤད་མི་ཕོད་པའི་དམིགས་ཡུལ་བཅངས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཐེ་ཇུས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་སུ་འདྲ་ཞིག་དང་། རྒྱལ་ཁབ་གང་རུང་ཞིག ཕྱོགས་གཏོགས་གང་འདྲ་ཞིག་བཅས་ཀྱིས་ཀྲུང་གོར་བརྟན་ལྷིང་མེད་པ་བཟོ་བ་དང་། ཁ་ཕྲལ་གཏོང་བ། ཟིང་ཆ་སློང་བ་བཅས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཤང་ཀང་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་མགོ་སྐོར་གཏོང་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ཡང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

ཧྭ་ཁྲུན་ཡིང་གིས་བརྗོད་དོན། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་ཡག་ཐོག་ཡག་བརྩེགས་ལས་རྩེ་གྲ་ཞེས་པ་མེད། རྒྱལ་ཁབ་ཁག་གིས་དང་ཐོག་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྔར་བཞིན་ནག་ནོག་ཡིན་པ་དང་། ཡུལ་གྱར་བའི་གནད་དོན་ནར་འགྱངས་བྱས་ནས་ཐག་གཅོད་མི་བྱེད་པ། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཡང་ཡང་ཐོན་པ། རིགས་རྒྱུད་རིང་ལུགས་དང་། ཐལ་སྐྱོད་རིང་ལུགས། མི་རྒྱུད་ཉུང་ཤས་བཅས་ཀྱི་གནད་དོན་ཐོན་འགོ་ཚུགས་པ། ཡ་གུ་དཱ་པར་ངོ་རྒོལ་དང་། མུའུ་སི་ལིན་ལ་ངོ་རྒོལ། ཨ་ཧྥེ་རི་ཁའི་རྒྱུད་པར་ངོ་རྒོལ་བཅས་བྱེད་པའི་གཏམ་བརྗོད་དང་དོན་རྐྱེན་ཚབས་ཆེན་ཡང་ཡང་ཐོན་པ། རྟག་ཏུ་རྒྱལ་ཁབ་གཞན་ལ་དཔལ་འབྱོར་བཀག་སྡོམ་དང་དངུལ་རྩའི་བཀག་སྡོམ་སོགས་ཕྱོགས་རྐྱང་པའི་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ། རྒྱལ་ཁབ་གཞན་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཏང་བ་བཅས་བྱེད་ཀྱི་ཡོད་པས། ཁོ་ཚོར་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཐད་མི་བཤད་དགུ་བཤད་བྱེད་པའི་ཐོབ་ཐང་ཅི་ཞིག་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་ཁོ་ཚོ་འགྲོ་བ་མིའི་ཐོབ་ཐང་གི“སློབ་དཔོན”ཡིན་པ་ཁས་གཏན་ནས་ལེན་མི་སྲིད་ལ“ཚད་གཞི་གཉིས”ལ་ཡང་ངོ་རྒོལ་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་ཁག་དང་མཉམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་ལྟར། དགེ་མཚན་ལྡན་པའི་གྲོས་མོལ་དང་མཉམ་ལས་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

(བདེ་དབང་གིས་བསྒྱུར། བསྟན་བཟང་གིས་ཞུས)