《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ཀྲུང་གོའི་འཐུས་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གླེང་བ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཀྲང་ཅུན་གྱིས་སྐབས་75པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གསུམ་པར་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

ཀྲང་ཅུན་གྱིས་བསྟན་གནང་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་71འཁོར་ཚུན། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོར་འགྱུར་བ། སྟོབས་ཆེར་ཕྱིན་པ་བཅས་ཀྱི་རླབས་ཆེན་མཆོང་སྐྱོད་བྱུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཅིང་། ཀྲུང་གོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་འབོར་དུང་ཕྱུར་14ཡི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་པས་མི་དུང་ཕྱུར་8.5དབུལ་པོའི་གནས་ལས་བསྒྲལ་ཐུབ་པ་བྱུང་བ་དང་། ཀྲུང་གོས་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆེས་ནན་ཤོས་དང་མཐར་ཕྱིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་པས་རིམས་འགོག་འཐབ་རྩོད་ལ་རྒྱལ་ཁ་གལ་ཆེན་ཐོབ་པ། ཀྲུང་གོས་གཅིག་གྱུར་གྱི་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི》འདོན་ཐེངས་གསུམ་བཀྲམ་པ་དང་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འགན་སྲུང་མ་ལག་ཆ་ཚང་ཞིག་གྲུབ་པ། ཀྲུང་གོས་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནང་སྲིད་ལ་ཐེ་ཇུས་བྱེད་རིགས་ལ་ངོ་རྒོལ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེད་བདེན་པའི་རྒྱབ་ལངས་བྱས་པ་བཅས་རེད།

ཀྲང་ཅུན་གྱིས་ནན་བཤད་བྱས་དོན། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཤིན་ཅང་སོགས་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའམ་ཡང་ན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ་གང་ཞིག་ཡིན་རུང་ཚང་མ་ཁྲིམས་ལུགས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཡིན། དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ལག་ལེན་དང་འཆར་ཅན་གྱི་བྱེད་སྟངས་དང་དེ་བས་མཐུན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ལམ་བུ་དེ་བརྒྱུད་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་རྒྱུ་ཡིན།

ཀྲང་ཅུན་གྱིས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འགྲོ་ལམ་ནི་ཀྲུང་གོ་མི་དམངས་རང་ཉིད་ཀྱིས་བཏོད་པ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ནི་ཀྲུང་གོ་མི་དམངས་རང་ཉིད་ཀྱིས་བརྩོན་ལེན་བྱས་པ་ཞིག་ཡིན། ང་ཚོས་འདྲ་མཉམ་གྱི་གྲོས་མོལ་ལ་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་ནང་སྲིད་ལ་ཐེ་ཇུས་བྱེད་རིགས་དང་། ཚད་གཞི་གཉིས། ཆབ་སྲིད་ཀྱི་འགྲན་རྒོལ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་ཡག་ཐོག་ཡག་བརྩེགས་ལས་རྩེ་གྲ་ཞེས་པ་མེད། ཀྲུང་གོས་འདྲ་མཉམ་དང་། བརྩི་འཇོག སྒོ་དབྱེ་བསྟུན་མཁས་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་རྒྱལ་ཁབ་ཁག་དང་མཉམ་དུ“མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུའི”བླ་ན་མེད་པའི་ཕུགས་བསམ་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་འདོད་ཡོད་ཅེས་བསྟན་གནང་བ་རེད།

(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)