《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ཡོ་རོབ་མནའ་འབྲེལ་སོགས་ཀྱིས་ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པས་སུན་འབྱིན་དགག་རྒྱག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གསུམ་པར་གཏམ་བཤད་སྤེལ་ནས་ཡོ་རོབ་མནའ་འབྲེལ་དང་། ཅེ་ཁེ། ཁ་ན་ཏ་སོགས་ཀྱིས་ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱས་པར་སུན་འབྱིན་དགག་རྒྱག་བྱས་པ་རེད།

ཏའེ་པིང་གིས། ཡོ་རོབ་མནའ་འབྲེལ་དང་། ཅེ་ཁེ། ཁ་ན་ཏ་བཅས་ཀྱི་འཐུས་མིའི་གཏམ་བཤད་ནང་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ལ་རང་སྣང་གང་ཤར་གྱིས་དཔྱད་གཏམ་སྤེལ་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་མ་ཟད། གསལ་བཤད་བྱས་པའི་ནང་དོན་དོན་དངོས་དང་གཏན་ནས་མི་མཐུན་སྟབས་རྦད་དེ་དཀྲོག་གཏམ་བཟོས་པ་དང་དམའ་འབེབས་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་ཡིད་མི་རང་བའི་རྣམ་འགྱུར་བསྟན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཏའེ་པིང་གིས། ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ངོ་བོ་ནི་གཏུམ་སྤྱོད་འཇིགས་སྐུལ་ལ་ངོ་རྒོལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་དེ་རེད། ཀྲུང་གོའི་ཤིན་ཅང་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་བྱེད་ཐབས་ལ་བརྟེན་ནས་ཐལ་སྐྱོད་ཅན་མེད་པར་བཟོ་བར་སྐུལ་འདེད་བཏང་ནས་འཇིགས་སྐུལ་གྱི་བྱེད་སྤྱོད་ཐོན་མང་བའི་རྣམ་པར་བཀག་འགོག་ནུས་ལྡན་བྱས་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱས་པ། དཔལ་འབྱོར་འཕེལ་རྒྱས་དང་འཚོ་བ་ལེགས་སུ་འགྲོ་རྒྱུར་ཡར་རྒྱས་དེ་བས་ཆེ་བ་ཡོང་བ་བྱས་པ་བཅས་ནི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་རྒྱལ་ཁབ་90ལྷག་ཙམ་གྱི་ཚོགས་པ་བརྒྱ་ཙམ་དང་མི་ཐེངས་1000ལྷག་ཙམ་ཤིན་ཅང་དུ་འཚམས་འདྲིར་གདན་དྲངས་ཡོད་ཅེས་ནན་བཤད་བྱས་པ་རེད།

ཏའེ་པིང་གིས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཟོས་ནས་ལག་བསྟར་བྱས་པ་ནི་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲིམས་མཐུན་དང་། ལུགས་མཐུན། དགོས་ངེས་བཅས་ཀྱི་བྱ་ཐབས་ཤིག་རེད། ན་ནིང་ཟླ་6པ་ནས་བཟུང་། ཤང་ཀང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་གཏུམ་སྤྱོད་བྱེད་སྤྱོད་ཐོན་ཡོད་པས། རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་བཟོད་སྒོམ་བྱེད་མི་ཐུབ་པ་དང་མང་ཚོགས་ཚང་མར་སེམས་སྡུག་ཚད་མེད་བཟོས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཤང་ཀང་གི་གྲོང་མིས་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་གཉིས་ལ་གཞིགས་ནས་ལོངས་སུ་སྤྱོད་པའི་ཁེ་དབང་དང་རང་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། དེས་ཤང་ཀང་གི་ཚད་མཐོའི་རང་སྐྱོང་ལ་ཤུགས་རྐྱེན་མ་ཐེབས་པ་མ་ཟད་དོན་དངོས་ཐོག་ཤང་ཀང་གི་ལས་རིགས་ཁག་གི་བརྩི་བཀུར་ཡང་ཐོབ་ཡོད་ཅེས་བཤད་པ་རེད།

ཏའེ་པིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། བོད་ཀྱི་འཕེལ་རྒྱས་ལ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་སྣ་ཚོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཀྲུང་གོ་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་མཁན་ལ་ཆ་བཞག་ན། ལས་རིགས་གང་ཞིག་གཉེར་ནའང་དེར་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། འབྲེལ་ཡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་ལའང་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།

ཏའེ་པིང་གིས། ད་དུང་ཤིན་ཅང་དང་། བོད་ལྗོངས། ཤང་ཀང་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་། ཅེ་ཁེ། ཁ་ན་ཏ་བཅས་ཀྱིས་དོན་དངོས་གནས་ཚུལ་ལ་བརྩི་འཇོག་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དོར་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་དང་ཚད་གཞི་གཉིས་ལག་ལེན་བསྟར་མི་རུང་བ། ཤིན་ཅང་དང་། བོད་ལྗོངས། ཤང་ཀང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་བཅས་ཀྱི་ཁ་ཏ་བསླབ་བྱ་བྱས་ཡོད། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཡོངས་ཁྱབ་ངང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་། ཅེ་ཁེ། ཁ་ན་ཏ་བཅས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྩ་བའི་ཁེ་ཕན་གཙོ་བོར་བཟུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་གང་བྱུང་དུ་སྤྱད་དེ་ཁ་གཏད་དུ་ལངས་མཚམས་འཇོག་པ་དང་གྲོས་མོལ་མཉམ་ལས་ཀྱི་ཡང་དག་པའི་འགྲོ་ལམ་ཐོག་ཕྱིར་ལོག་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད་ཅེས་བཤད་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)