《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བསམ་འཆར》བཀྲམ་ནས།

འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་བཏོན་དོན། དེང་རབས་ཀྱི་གསོ་ཚགས་མ་ལག་གང་མགྱོགས་བསྐྲུན་ནས་རྒྱུད་བཟང་གསོ་སྤེལ་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུད་བཟང་ཕག་པའི་ཁ་གསབ་དང་འབྲོག་ཁུལ་གྱི་རྒྱུད་བཟང་ཕྱུགས་རིགས་ཀྱི་ཁ་གསབ་ལག་ལེན་བསྟར་དགོས། གཟན་རྩྭ་དང་གཟན་ཆག་གི་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་བབ་དང་བསྟུན་ཏེ་འབྲུ་རིགས་གཟན་ཆག་ལ་སྒྱུར་བ་ཁྱབ་སྤེལ་གཏོང་དགོས། འབྲོག་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་གསོ་ཚགས་ར་བར(དུད་ཚང)ཞིང་འཕྲུལ་སྒྲིག་ཆས་ཉོ་སྒྲུབ་བྱེད་སྐབས་གཏན་འབེབས་གཞིར་བཟུང་ཁ་གསབ་ཀྱི་ཁྱབ་ཁོངས་སུ་འཇུག་དགོས། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་བཏང་ནས་གསོ་ཚགས་དུད་ཚང་འབྲིང་ཆུང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས།

《བསམ་འཆར》ནང་ནན་བཤད་བྱས་དོན། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ས་གནས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གི་རིམས་འགོག་གི་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་ཆ་འཕྲིན་སྙན་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་ཐོན་ཚུལ་སྙན་ཞུའི་ལས་ཀའི་རྣམ་འགྱུར་ལེགས་པར་གཟེངས་བསྟོད་བྱེད་པ་དང་། རིམས་ནད་ཐོན་ཚུལ་རྫུན་ཞུ་དང་། ཆད་ཞུ། འགྱངས་ཞུ་བཅས་བྱེད་པའམ་ཡང་ན་མི་གཞན་གྱིས་རིམས་ནད་ཐོན་ཚུལ་སྙན་སེང་ཞུ་བར་བཀག་འགོག་བྱས་རིགས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་གཞི་རིམ་སྒྲིག་གཞིའི་དཔུང་ཁག་བརྟན་པོ་ཡོང་བར་བྱས་ནས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཚོད་ལྟ་ཁང་དང་། མཐའ་མཚམས་ལྟ་ཞིབ་ཚད་ལེན་ས་ཚིགས། ཞིང་ཆེན་དབར་གྱི་གཞུང་ལམ་ཞིབ་བཤེར་ས་ཚིགས། ས་ཁོངས་ཀྱི་འཁྲུད་སེལ་ལྟེ་གནས་སོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཕག་པ་གསོ་ཚགས་རྫོང་ཆེན་ལ་ཤང་དང་གྲོང་རྡལ་གྱི་སྲོག་ཆགས་རིམས་འགོག་དམིགས་བསལ་གདན་ཞུའི་འཆར་གཞི་ལག་ལེན་བསྟར་དགོས།

《བསམ་འཆར》ནང་བླང་བྱ་བཏོན་དོན། དེང་རབས་ཀྱི་ལས་སྣོན་འཁོར་རྒྱུག་མ་ལག་གང་མགྱོགས་བཙུགས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་བཤས་གཏོང་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཆུ་ཚད་མཐོ་རུ་བཏང་སྟེ་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་གྲང་ཕྲེང་ལས་སྣོན་སྡེབ་སྐྱེལ་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས།

《བསམ་འཆར》ནང་བཏོན་དོན། འབྲོག་ལས་ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་ཚང་མ་ཞིང་ནང་དུ་སྤྱོད་མཁན་གསོ་ཚགས་ར་བར(དུད་ཚང)ཐོ་འགོད་དོ་དམ་བྱེད་པ་ལས་བཙོག་འབུད་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་དགོས་མེད། ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་སོགས་ཀྱིས་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་བྱེད་རིང་ལུད་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

《བསམ་འཆར》ནང་ནན་བཤད་བྱས་དོན། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་གའི་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། ཤ་སྒོང་འོ་མ་གསུམ་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལ་སྤྱིའི་འགན་ཁུར་ནས་གཙོ་གནད་ཕྱིར་ཚོང་ཞིང་ཆེན་ལ་ཐོན་ཁུངས་ཀྱི་ཁོར་ཡུག་ཁ་གསབ་དང་ས་ཁོངས་ལས་བརྒལ་བའི་མཉམ་ལས་ལ་བརྟེན་ནས་གསོ་ཚགས་རྟེན་གཞི་འཛུགས་པ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་གཙོ་ཐོན་ཞིང་ཆེན་ལ་སྒོ་ཕྱུགས་དང་ཁྱིམ་བྱ་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ལྕག་སྐུལ་བྱས་ནས་ཕྱིར་ཚོང་ཁུལ་གྱི་ཁ་གསབ་ཐོན་ཁུལ་གྱི་ཕུགས་ཕན་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། འབྲོག་ལས་འཕེལ་རྒྱས་ལ་མཁོ་བའི་ས་ཆ་འགན་སྲུང་བྱས་ནས་གསོ་ཚགས་ཐོན་སྐྱེད་དང་དེ་བཞིན་དེ་དང་ཐད་ཀར་འབྲེལ་བ་ཡོད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་གཙང་སེལ་དང་། ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ། གཙང་འཁྲུད་དང་དུག་སེལ། ནད་ཤི་ཐེབས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཐག་གཅོད་བྱེད་པ་སོགས་ཞིང་ལས་སྒྲིག་བཀོད་ཐད་སྤྱོད་པའི་ས་ཆར་རྨོ་ཞིང་སྤྱིར་བཏང་སྤྱད་ཆོག་པ་ལས་བཟུང་གསབ་དོ་སྙོམས་ཡོང་བ་བྱེད་དགོས་མེད། ཕག་པ་དང་ནོར་ལུག་ཕྱིར་གཏོང་རྫོང་ཆེན་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་སྲིད་གཞུང་གིས་ཞབས་འདེགས་ཉོ་སྒྲུབ་བྱེད་སྟངས་ལ་བརྟེན་ཏེ་སྲོག་ཆགས་རིམས་འགོག་གི་སྤྱི་ཚོགས་ཅན་གྱི་ཞབས་ཞུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་སོགས་ད་ཡོད་ཀྱི་ཐབས་ལམ་བརྒྱུད་ཕག་པ་བཤས་གཏོང་ཚད་ལྡན་ཅན་གྱི་དཔེ་སྟོན་འཛུགས་གཏོད་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་གྲང་ཕྲེང་སྐྱེལ་འདྲེན་སྡེབ་སྐྱེལ་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲོམ་རའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གི་ཕག་ཤ་གྲབས་གསོག་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱ་ཐབས་དོན་འཁྱོལ་དང་ཞིབ་མཆན་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་ནས“སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པར”སྐུལ་འདེད་གཏོང་དགོས།