《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

གཞི་ཁྱོན་བརྟན་པོས་རྒྱ་ཆེར་བཏང་། གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་། བྱེད་ཐབས་རྒྱུན་མཐུད་གསར་གཏོད་བྱས་པས།

འཛད་སྤྱོད་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་པ།

གྲུབ་ཆ་རིམ་སྤོར་དང་བཀྲག་མདངས་འཚེར་ས་མང་དུ་ཕྱིན་ནས་འཛད་སྤྱོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།

“ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཏག་ཏག་སྔོན་ཆད་ཀྱི་མ་རྩ་འཇོག་པ་དང་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་ནས་རྒྱལ་ནང་གི་དགོས་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོར་མང་པོ་རྟེན་པའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད། “ཀྲུང་གོའི་ནང་མཁོ་དང་འཛད་སྤྱོད་ཁྲོམ་ར་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བ་དེས་དགོས་མཁོ་དང་འཛད་སྤྱོད་ཀྱི་སྒུལ་ཤུགས་ཆེན་པོ་འཕེལ་སྲིད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་ཡིད་ཆེས་ཀྱང་བསྣན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཛད་སྤྱོད་དེ་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཅིང་། གཞི་ཁྱོན་ཆེ་བའི་ཁྲོམ་ར་ལས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་པ་དེས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་འཛད་སྤྱོད་དགོས་མཁོ་རྒྱུན་མཐུད་འཕར་བ་དང་། འཛད་སྤྱོད་གྲུབ་ཆ་མགྱོགས་མྱུར་རིམ་པ་འཕར་བ། འཛད་སྤྱོད་ཀྱིས་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་ཀྱི་དུས་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད།

འཛད་སྤྱོད་ཀྱི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ན་ནིང་རང་རྒྱལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་41.2ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་57.8%ཟིན་པ་དང་། GDPཡི་བརྒྱ་ཆའི་གྲངས་3.5འཕར་ནས་བསྟུད་མར་ལོ་6རིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་དང་པོར་གྱུར་ཡོད། འདི་ལོའི་ལོ་སྟོད་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་གནས་ཚུལ་འོག་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་བརྟན་པོའི་ངང་འཕར་བ་དང་། ཟླ་6པར་སླེབས་སྐབས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་ཆག་ཚད་ཟླ་4བསྟུད་མར་དམའ་རུ་ཕྱིན་ནས་འཕར་བའི་རྣམ་པ་ཐོན་ཡོད།

འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་རིམ་པ་འཕར་བ། ན་ནིང་རང་རྒྱལ་གྱི་གྲོང་མིའི་ཨེན་ཀེར་བཏགས་གྲངས་28.2%ཟིན་ནས་ལོ་8བསྟུད་མར་ཆག་ཅིང་། སྤུས་ཚད་ཅན་དང་། རང་གཤིས་ཅན། སྣ་མང་ཅན་གྱི་འཛད་སྤྱོད་བྱེད་ཚད་མང་དུ་ཕྱིན་པ་དང་། རིག་ནུས་སྒྲིག་ཆས་དང་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་བྲིན་ཚོང་ཐད་འཕར་བའི་རྣམ་པ་ཐོན་ཡོད། ན་ནིང་འཕྲིན་གཏོང་ཡོ་བྱད་དང་བྱུག་རྫས་སོགས་འཛད་སྤྱོད་རིམ་སྤོར་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་དུས་མཚུངས་ལས་སོ་སོར་8.5%དང་12.6%འཕར་ནས་འཛད་སྤྱོད་ཧྲིལ་པོའི་འཕར་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་རེད།

འཛད་སྤྱོད་ཀྱི་བཀྲག་མདངས་འཚེར་ས་ཡང་ཡང་ཐོན་པ། ཞབས་ཞུའི་འཛད་སྤྱོད་འཕར་ཚད་ཚོང་ཟོག་འཛད་སྤྱོད་ལས་མགྱོགས་པ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་ལས་མགྱོགས་པ། དྲ་ཐོག་གི་འཛད་སྤྱོད་འཕར་ཚད་དྲ་ཕྱིའི་འཛད་སྤྱོད་ལས་མགྱོགས་པ་སོགས་འཛད་སྤྱོད་ཁྲོམ་རའི་བྱེད་ཐབས་གསར་པའི་ཁྲོད་འཛད་སྤྱོད་འཕར་བའི་བར་མཐོངས་སྔར་ལས་རྒྱ་ཆེར་ཕྱིན་ཡོད། ན་ནིང་། རང་རྒྱལ་གྱི་དངོས་རྫས་ཚོང་ཟོག་དྲ་ཐོག་སིལ་ཚོང་བསྡོམས་འབོར་འཕར་ཚད་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་ལས་བརྒྱ་ཆའི་གྲངས་11.5འཕར་ཏེ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་45%ལྷག་ཙམ་ཟིན་ཡོད་པ་རེད།

སྣ་ཁ་དེ་བས་མང་བ་དང་སྤུས་ཚད་དེ་བས་ལེགས་སུ་ཕྱིན་ནས་འཛད་སྤྱོད་མཁོ་སྤྲོད་མགྱོགས་མྱུར་གསར་གཏོད་བྱུང་བ།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་གྲོང་མིའི་འཛད་སྤྱོད་ཐད་གྲངས་འབོར་ལ་སྣང་ཆེན་བྱེད་པ་ནས་སྤུས་ཚད་ལ་དོ་སྣང་བྱེད་པའི་བར་དང་། གཟུགས་ཅན་དངོས་པོའི་ཐོན་རྫས་ནས་ཞབས་ཞུའི་འཛད་སྤྱོད་དེ་བས་མང་བའི་བར། ལད་ཟློས་རྣམ་པའི་འཛད་སྤྱོད་ནས་རང་གཤིས་ཅན་དང་སྣ་མང་ཅན་གྱི་འཛད་སྤྱོད་ཕྱོགས་སུ་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཡོད། འཛད་སྤྱོད་མཁོ་སྤྲོད་ཕྱོགས་ཀྱི་ཁྲོམ་རའི་བྱེད་པོས་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་ཆེན་པོར་གང་ལེགས་བསྟུན་པ་དང་སྟངས་འཛིན་བྱས་ནས། མཁོ་སྤྲོད་གསར་གཏོད་དང་ནུས་ལྡན་མཁོ་སྤྲོད་མང་དུ་བཏང་སྟེ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་འཕེལ་བར་བྱས་ཡོད།

སྣ་ཁ་དེ་བས་མང་བ། དྲ་ཐོག་ཚོང་ཁང་གི་ཁ་པར་གྱི་APPནང་གྱོན་ཆས་དང་། འདྲུད་སྒམ། འཁྲུད་ཆས། གྲངས་འཛིན། ཁྱིམ་སྤྱོད་གློག་ཆས་སོགས་རྒྱུན་མཁོའི་དངོས་རྫས་གང་དགོས་ཡོད། རང་རྒྱལ་གྱི་ནང་འདྲེན་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་ཚོང་ཟོག་ལས་ཀྲུང་གོའི་འཛད་སྤྱོད་པའི་གདམ་ག་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

སྤུས་ཀ་དེ་བས་ལེགས་པ། “ཡོད་མེད”ནས“ཡག་པོ་ཡོད་མེད”བར་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་སྤུས་ཚད་རིམ་པ་འཕར་ཡོད། ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་དབྱར་ཁའི་གུང་གསེང་དུ་རང་མོས་འགྲུལ་སྐྱོད་ཐོན་རྫས་མངགས་ཉོ་བྱས་པས་རང་གཤིས་ཅན་གྱི་ཐོན་རྫས་ལ་དགའ་བསུ་ཐོབ་ཡོད།

སྤུས་རྟགས་ཀྱི་མིང་གྲགས་དེ་བས་ཆེ་རུ་ཕྱིན་པ། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ལྷམ་ཉོ་བ་དང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་བཏུང་བྱ་འཐུང་བ། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་རྐང་འཁོར་བཞོན་པ་སོགས་ཀྲུང་གོའི་འཛད་སྤྱོད་པའི་ཚོགས་སྤྱི་ཁག་གཅིག་གི་ཁྲོད “རང་རྒྱལ་གྱི་ཐོན་རྫས་སྤྱོད་པ”འཛད་སྤྱོད་ཀྱི་དར་སྲོལ་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྤུས་རྟགས་འབོར་ཆེན་ཞིག་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་གསར་པ་སྐོང་བའི་སྟོབས་ཤུགས་གསར་པར་གྱུར་ཡོད།

སྒྲིག་སྲོལ་ལེཌ་སྒྲིག་དང་ཚད་གཞི་འཐུས་སྒོ་ཚང་དུ་ཕྱིན་ནས་འཛད་སྤྱོད་ཀྱི་ཁོར་ཡུག་མུ་མཐུད་ལེཌ་སུ་ཕྱིན་པ།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་འཛད་སྤྱོད་ཁོར་ཡུག་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ་དང་ཁྲོམ་རའི་སྒྲིག་ལམ་ཟམ་མི་ཆད་པར་ཚད་ལྡན་དུ་ཕྱིན་ནས། མི་སེར་ཚོར་བློ་བདེའི་འཛད་སྤྱོད་དང་སྤྲོ་སྣང་ལྡན་པའི་འཛད་སྤྱོད་ཐུབ་ནས་ཐོབ་ཚོར་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

འཛད་སྤྱོད་པའི་ཁེ་དབང་འགན་ལེན་ལམ་ལུགས་ཟམ་མི་ཆད་པར་རིམ་པ་འཕར་བ་དང་། ཚོང་ཟོག་གི་སྤུས་ཚད་ལ་ལྟ་འདོམས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ཀྱི་བརྟག་དཔྱད་ཚོད་སྐོར་ལམ་སྲོལ་ནས་བློ་བདེའི་འཛད་སྤྱོད་གཏོད་འཛུགས་ལས་དོན་སྤེལ་བའི་བར་དང་། དྲ་ཐོག་རྩོད་གཞིའི་ཆ་འཕྲིན་ལས་སྟེགས་ཁྱབ་གདལ་བཀོལ་སྤྱོད་བྱེད་པ་ནས་བཟའ་བཅའ་དང་སྨན་རྫས་སོགས་ཁྱབ་ཁོངས་སུ་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་པའི་བར། དབུ་བཞུགས་སྤུས་ཚད་དཔོན་གྱི་ལམ་ལུགས་ཁྱབ་གདལ་གཏོང་བ་ནས་ཐབ་ཚང་ཕྱི་གསལ་ནང་གསལ་གྱི་འདུ་འགོད་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་བར་བཅས་ཏན་ཏན་ཏིག་ཏིག་གི་བྱེད་ཐབས་འདི་དག་གིས་འཛད་སྤྱོད་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད།

(བསོད་ནམས་ཆོས་སྐྱིད་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)