《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ཀྱི་ཆུ་སྤུས་དག་ཚད་81.0%ཟིན་ནས།

ཁོར་ཡུག་སྔར་བས་མཛེས་ཤིང་ཆུ་སྤུས་སྔར་བས་ལེགས་སུ་ཕྱིན་པ།

▲ འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི“ཏུན་སྟོང་མི་ཁྲིའི”འཐུང་ཆུའི་ཆུ་འགོ་ཁུལ་10764ཁྲོད་ཀྱི་9344ཡི་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ནས་ཆོག་མཆན་ཡང་ཐོབ་པ་དེས་86.8%ཟིན་ཡོད་པས། རྒྱ་ཆེའི་གྲོང་གསེབ་ཀྱི་ཡུལ་མིའི་འཐུང་ཆུ་སྔར་བས་བདེ་འཇགས་དང་སྔར་བས་དྭངས་གཙང་དུ་གྱུར་ཡོད།

ཉེ་ཆར། སྣོད་བཅུད་ཁོར་ཡུག་པུས་འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་བརྡ་ཁྱབ་བཏང་ཞིང་། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཁབ་ཀྱི་ས་ངོས་ཆུ་1940དཔྱད་ཞིབ་བཅད་ངོས་བྱས་པའི་ནང་ཆུ་སྤུས་ལེགས་པའི(རིགས་Ⅰ—Ⅲབར)བཅད་ངོས་ཀྱི་བསྡུར་ཚད་81.0%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.0མཐོ་རུ་ཕྱིན་པ་དང་། ཆུ་སྤུས་ཞན་པའི་རིགས་Ⅴབཅད་ངོས་ཀྱི་བསྡུར་ཚད་0.9%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.1དམའ་རུ་ཕྱིན་ཡོད་པ་རེད།

“81.0%”ཟིན་པ་འདི་ལས་སླ་པོ་ཞིག་མིན་པ།

པི་ཧྲུའེ་ཡོན་གྱིས་ཁྱབ་བསྒྲགས་བྱས་པའི་ལོ་ཕྱེད་རིང་གི་གྲུབ་འབྲས་སྙན་ཞུའི་ནང་འཁོད་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ། ཁྲོམ་རར་ཞུགས་པའི་ཀུང་སིའི་རྐང་བདག་གི་ཡོང་འབབ་ཁེ་གཙང་སྒོར་དུང་ཕྱུར་1.06ཙམ་ཟིན་ནས་དུས་མཚུངས་ལས་311.31%འཕར་བ་དང་། དེ་བཞིན་ཕིང་ཡའོ་ཁོར་ཡུག་སྲུང་སྐྱོང་ནས་ཀྱང་འདི་ལོའི་ལོ་སྟོད་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་67.5ཟིན་ནས་དུས་མཚུངས་ལས་68.08%འཕར་བའི་གཏམ་བཟང་གྲགས་ཡོད། འདི་ལོ་ཚུན་དུ། ཆུའི་སྦགས་བཙོག་གཙང་གསིང་བྱེད་མཁན་ཁྲོམ་རར་ཞུགས་པའི་ཀུང་སི་འདི་གཉིས་ཁོ་ན་མ་ཡིན་པར་ཆུ་གཙང་གསིང་ཁྲོམ་ར་ཡོངས་ཀྱི་རྣམ་པ་ལེགས་སུ་ཕྱིན་ཡོད་པ་འདིས་ཕྱོགས་གཞན་ཞིག་ནས་ས་ཁུལ་ཁག་གི་ཆུའི་སྦགས་བཙོག་བཅོས་སྒྲིག་གི་གོམ་སྟབས་མགྱོགས་སུ་འགྲོ་བཞིན་པ་མཚོན་ཐུབ།

ལོ་སྟོད་དུ། ས་ཁུལ་ཁག་གིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཆུའི་ཁོར་ཡུག་གི་གནད་དོན་ལ་དམིགས་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བས་བཅོས་སྒྲིག་གི་གཏམ་བཟང་ཡང་ཡང་གྲགས་པ་དཔེར་ན། ཆུ་ནག་དྲི་ཅན་བཅོས་སྒྲིག་བྱེད་པའི་ཐད། ཟླ་7ཚེས་22ཉིན། ཐེན་ཅིན་གྱིས་དྲི་ངན་བྲོ་བའི་ཆུ་སྙིགས་567(གྲོང་ཁྱེར་གྱི་ཆུ་ནག་དྲི་ཅན་26ཚུད་པ)ཁྲོད་ཀྱི་505ཡི་བཅོས་སྒྲིག་ལས་གྲྭ་གཙོ་བོ་བསྐྲུན་ནས་ལས་གྲྭ་གཙོ་བོ་བསྐྲུན་ཚད་89.1%ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། འདི་ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར། ཧེ་ལུང་ཅང་གི་ས་ཁུལ་ཁག་གིས་གྲོང་ཁྱེར་གྱི་དྲི་ངན་བྲོ་བའི་ཆུ་སྙིགས་40བཅོས་སྒྲིག་བྱས་ནས་སྙིགས་རོ་དང་དྲི་ངན་བྲོ་བའི་སྣང་ཚུལ་གཞི་རྩའི་ཆ་ནས་མེད་པར་བཟོས་ཡོད་ཅེས་སྙན་སེང་ཞུས་པ་ལྟ་བུ་རེད།

ལོ་ཁ་ཤས་རིང་གཞི་ཁྱོན་ཆེ་བའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། རང་རྒྱལ་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནའང་། རྫོང་རིམ་པ་མན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་བདེ་འཇགས་གནད་དོན་ད་དུང་སྔར་བཞིན་ཅུང་མངོན་གསལ་དོད་པོ་ཡོད་པ་རེད། 《ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞིའི》ནང་དུ། 2020ལོའི་ལོ་མཇུག་གོང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ“ཏུན་སྟོང་མི་ཁྲིའི”(ཆུ་མཁོ་འདོན་མི་འབོར་ཁྲི་1གམ་ཡང་ན་ཉིན་རེའི་ཆུ་མཁོ་འདོན་བྱེད་ཚད་ཏུན་སྟོང་ཡན)འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་མཚམས་ཕྱེ་ནས་གཏན་འཁེལ་བྱེད་དགོས་ཞེས་བཏོན་ཡོད་པ་དང་། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི“ཏུན་སྟོང་མི་ཁྲིའི”འཐུང་ཆུའི་ཆུ་འགོ་ཁུལ་10764ཁྲོད་ཀྱི་9344ཡི་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ནས་ཆོག་མཆན་ཡང་ཐོབ་པ་དེས་86.8%ཟིན་ཡོད་པས། རྒྱ་ཆེའི་གྲོང་གསེབ་ཀྱི་ཡུལ་མིའི་འཐུང་ཆུ་སྔར་བས་བདེ་འཇགས་དང་སྔར་བས་དྭངས་གཙང་དུ་གྱུར་ཡོད་པ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། སྨན་བཅོས་བཙོག་ཆུ་མང་དུ་ཕྱིན་པ་དང་། ཁྱབ་ཁོངས་ཆེན་པོའི་ཁོར་ཡུག་ལ་དུག་སེལ་བྱེད་པ། མི་སྒེར་གྱིས་དུག་སེལ་ཐོན་རྫས་སྤྱོད་ཚད་མང་དུ་ཕྱིན་པ་སོགས་ཀྱི་རྒྱུ་རྐྱེན་ལས་ས་ངོས་ཆུའི་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། ཟླ་1ཚེས་31ཉིན། སྣོད་བཅུད་ཁོར་ཡུག་པུས་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་ཇུས་གཞི་པར་འགྲེམས་བྱས་པའི་ནང་། ས་གནས་ཁག་ལ་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་སྤུས་ཀྱི་སྔོན་ཚུད་ཉེན་བརྡ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་བྱས་པའི་རྨང་གཞིའི་ཐོག གལ་སྲིད་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཐོན་ཚེ་གསང་གྲངས་སྣོན་པའི་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་སྦྲགས་དུས་ཐོག་ཏུ་བྱེད་ཐབས་སྤྱོད་པ་དང་། རྒྱུ་རྐྱེན་འཚོལ་བ། ཉེན་ཁ་ཚོད་འཛིན། ཤུགས་རྐྱེན་མེད་པར་བཟོ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

དེ་དང་ཆབས་ཅིག སྣོད་བཅུད་ཁོར་ཡུག་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་བཙོག་ཆུ་གཙང་གསིང་སྒྲིག་ཆས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭར་གྲལ་བཤེར་བྱས་པ་དང་། ཟླ་དྲུག་པའི་བར། འཐུང་ཆུའི་ཆུ་འགོའི་ཁུལ་ལ་ལྟ་ཞིབ་ཚད་ལེན་ཐེངས་ཁྲི་5.6བྱས་ཀྱང་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུ་སྤུས་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།

ད་ཆ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཁྲོད་ཀྱི་ས་ངོས་ཆུ་དང་འབྲེལ་བའི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་ཁག་སྔ་སྣུར་དུ་ལེགས་སྒྲུབ་བྱུང་ཡོད། བཅོས་སྒྲིག་གི་གོམ་སྟབས་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་པས་ཆུ་བོ་དྭངས་ཤིང་གཙང་ལ་ཆུ་ངོགས་སྔོ་ལྗང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཇེ་མང་ནས་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)